ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་གི་རྡོ་སོལ་གཏེར་ཁ་ཞིག་ཏུ་ཝ་སི་འབར་གས་བྱུང་བའི་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས། དུས་རྟག་ཏུ་བདེ་འཇགས་ཐོན་སྐྱེད་དམ་འཛིན་ནན་མོ་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་དམ་པོར་འཁུར་བ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་མངོན་པའི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་ལེགས་བཅོས་དང་། ཞོད་འགོག་དང་ཞོད་འགོག་གྲ་སྒྲིག་གི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་ལེགས་པོར་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ལ་ཏན་ཏིག་གིས་འགན་སྲུང་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་གཞིར་བརྩིས་ནས་དམ་འཛིན་བྱེད་པ་དང་། ཟུང་འབྲེལ་གཉིསརྒྱུན་འཁྱོངས། ཏང་གི་གསར་གཏོད་གཞུང་ལུགས་ལ་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་འགྲེལ་བཤད་ཟབ་མོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གི་སྟོབས་ཤུགས་གཅིག་འདོམས་དང་། ཁུ་ནུའི་རིག་གནས་དང་རྨ་ཙོང་རིག་གནས་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་འབད་དགོས། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ཆེ་ཕྱོགས་ལ་གཞིགས་པ་དང་། རང་ཞིང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དངོས་འབེབས་ཡག་པོ་བྱེད་པ། སྤུས་ཚད་མཐོན་པོསརྒྱུད་གཅིག་ལམ་གཅིགམཉམ་སྐྲུན་ཁྲོད་གཏིང་ཟབ་ངང་འདྲེས་པ་དང་། དག་གཙང་ནུས་ཁུངས་དང་སྐྱེ་ཁམས་སྲུང་སྐྱོབ། ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མཉམ་ལས་ཟབ་སྤེལ་བྱས་ནས། མཚོ་སྔོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་མངོན་པའི་སྒེའུ་ཁུང་ལྟ་བུར་བསྒྱུར་དགོས།

གྲོས་ཚོགས་ལས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་པས། བསམ་བློའི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་བསྟུད་མར་ཤུགས་འདོན་པ། བཤེར་འདོན་བྱས་པའི་གནད་དོན་གཅིག་བསྡུས་ལེགས་བཅོས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དཔོན་པོ་གསར་པས་རྩིས་ཐོ་རྙིང་བར་ཁ་ཡ་མི་བྱེད་པའི་འབུར་ཐོན་གནད་དོན་གཅིག་བསྡུས་ཀྱིས་ལེགས་བཅོས་བྱེད་པ། དཔེ་སྟོན་སྣེ་ཁྲིད་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ། མཛུབ་སྟོན་སྐུལ་འདོམས་ནན་མོ་བྱས་ནས། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་འབྲས་སུ་ཏན་ཏིག་གིས་བསྒྱུར་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའིདུས་སྐབས་སུ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གནས་བབ་ལས་འགན་ལ་གཞིགས་ཏེ། རྒྱུན་རྣམ་ཅན་རོགས་སྐྱོར་གྱི་བླང་བྱ་གསར་པ་གནད་འཁེལ་གྱིས་དམ་འཛིན་བྱེད་པ་དང་། དུས་རིམ་གསར་པའིཚོགས་སྒྲིག་རྣམ་པའིརོགས་སྐྱོར་བྱ་བ་སྣ་ཚོགས་ཀྱི་དམིགས་འབེན་ལས་འགན་ཞིབ་ཕྲ་དང་ཁ་གསལ་བཟོས་ནས། རོགས་སྐྱོར་བྱ་བའི་ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། རོགས་སྐྱོར་བྱ་བར་མུ་མཐུད་དུ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།