མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་ཟླ6པའི་ཚེས11ཉིན་ནས་བཟུང་། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་དང་། ནོར་སྲིད་ཐིང། རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི《ལས་ཞུགས་ཞབས་ཞུས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྟོབས་ཤུགས་བསྩལ་ཏེ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སྐོར་གྱི་བྱེད་ཐབས་ཁག་ཅིག》ལག་བསྟར་བྱེད་རྒྱུ་ཡིན་ཞིང་། ཕྱོགས་བདུན་ལ་དམིགས་ནས་གནད་ལ་འཁེལ་བའི་ཤུགས་འདོན་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་དང་ལས་ཞུགས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ཡུལ་འཛུགས་སྐྲུན་ལ་རོགས་རམ་བྱེད་རྒྱུ་རེད།
ལས་གཏོད་རོགས་སྐྱོར་ཐད། མཚོ་སྔོན་དུ་རིག་གནས་ཡུལ་སྐོར་གྱི་ཁེ་ལས་ཆུང་གྲས་སམ་ཡང་ན་སྒེར་ཚོང་ཐོག་མར་གཉེར་ནས་ལོ་གཅིག་ཡན་ལོངས་པ་ལ་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར་ཁྲི1སྤྲོད་རྒྱུ་ཡིན་པ་རེད། མི་སྒེར་ལས་གཏོད་པས་ཆེས་མཐོ་ན་སྒོར་ཁྲི30རེ་ཞུ་བྱེད་ཆོག་པ་དང་། ཁེ་ལས་ཆུང་གྲས་ཀྱི་ལས་གཏོད་ཁག་ཐེག་དངུལ་བུན་མཐོ་ཤོས་སྒོར་ཁྲི400རེ་ཞུ་བྱེད་ཆོག་ལ། ནོར་སྲིད་ངོས་ནས་སྐྱེད་ཀ་དངོས་ཀྱི50%ལྟར་སྐྱེད་ཀ་མར་གཅོག་རྒྱུ་རེད། མངོན་མིན་ཤུལ་བཞག་བཟོ་ཁང་དང་། རིག་གནས་ཡུལ་སྐོར་ཐད་གཏོང་། ཁྱད་ལྡན་དམངས་ཤག་སོགས་ལས་རྣམ་གསར་པ་དག་ལས་གཏོད་གསོ་སྐྱོང་རྟེན་གཞིར་བཅའ་སྡོད་བྱས་ནས། བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་བའི་གཅིག་འཐུས་རྣམ་པའི་ཞབས་ཞུ་ལོངས་སུ་སྤྱད་ཆོག་པ་རེད།
ལས་གནས་བརྟན་པོ་དང་ལས་མི་སྤྱོད་པའི་ཐད། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་ཕྱིར་སློག་དང་དུས་མཚམས་རང་བཞིན་གྱི་སྒོ་ནས་ལས་ཤོར་དང་ལས་རྨས་འགན་བཅོལ་གྱི་གྲོན་ཚད་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས“རེ་ཞུ་མི་དགོས་པར་ལོངས་སྤྱོད་བྱེད་པའི”རྣམ་པ་ཁྱབ་སྤེལ་གཏོང་རྒྱུ་རེད། ཁེ་ལས་ཀྱིས་སློབ་མཐར་ཕྱིན་ནས་ལོ་གཉིས་ནང་ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ལོ16ནས་ལོ24བར་གྱི་ལས་ཤོར་ཐོ་འགོད་ཀྱི་གཞོན་ནུ་སོགས་ལ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་པ་རེད། དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་ཀྱི་ལས་རིགས་ཐོབ་ཐང་ལག་རྟགས་ཐོབ་པའི་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འགན་བཅོལ་ནང་ཞུགས་པའི་ལས་བྱེད་པར་རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད།
གནད་ལ་འཁེལ་བའི་སྒོ་ནས་མི་བཀོད་དགོས་མཁོ་སྦྲེལ་མཐུད་བྱ་ཆེད། མཚོ་སྔོན་གྱིས་གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས་སུ་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་ཆེད་མངགས་པ་སྐོས་ནས“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”ཁྱབ་གདལ་གཏོང་རྒྱུ་དང་། “གཙོ་བོ་གཅིག་མཐའ་འཁོད་གཅིག་རྒྱུད་ཁོངས་མང་པོ་གཅིག་ཏུ་འབྲེལ་བའི་”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པར་དམིགས་ཏེ། རྨ་ཆུ་དྭངས་བ་དང་ཚྭ་འདམ་གཤོང་ས་སོགས་གཙོ་གནད་ས་ཁོངས་ཀྱི་དུས་ཚིགས་རང་བཞིན་དང་གནས་སྐབས་རང་བཞིན་གྱི་ལས་མི་བཀོལ་སྤྱོད་གྲབས་གསོག་ཡག་པོ་བྱེད་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་ལས་རིགས་ངོ་སྤྲོད་ཁ་གསབ་དོན་འཁྱོལ་བྱེད་ཆོག
རྩལ་ནུས་གསོ་སྦྱོང་ཐད། དམངས་སྡོད་ཞབས་ཞུ་དང་། གངས་འཁྱགས་ལུས་རྩལ། མངོན་མིན་ཤུལ་བཞག་རྒྱུན་འཛིན་སོགས་ལ་དམིགས་ནས་གསོ་སྦྱོང་ལ་སྐུལ་མ་བཏང་སྟེ། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱིས་རིག་གནས་གསར་གཏོད་ཇུས་འགོད་དང་ཁྲོམ་རའི་ཚོང་གཉེར་སོགས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ། ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་གཉེར་སྐྱོང་པ་དང་རྩལ་ནུས་སྣེ་ཁྲིད་པ་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་གཞན་གྱི་སྔོན་ཐོན་ས་ཁུལ་དུ་སོང་ནས་ཟབ་སྦྱོང་བྱེད་དགོས། ཆ་རྐྱེན་འཛོམས་པའི་ལས་ཁུངས་ཀྱིས་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་ལས་ཁུངས་ཐོ་འགོད་སྙན་སེང་ཞུས་ཆོག
དེ་དང་ཆབས་ཅིག་ཏུ། ལས་ཞུགས་དཀའ་ངལ་ཡོད་པ་དང་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ཀྱི་ཚོགས་སྤྱི་ལས་ཞུགས་བསྡུ་ལེན་བྱས་ཏེ། ལོ1ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་རིག་གནས་ཡུལ་སྐོར་ཁེ་ལས་ལ་གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྤྲོད་པ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང“དྲ་ཐོག་དང་དྲ་འོག ཐད་གཏོང་ལས་ཞུགས་བཅས་ཟུང་འབྲེལ”གྱིས་ལས་བསྡུའི་མ་ལག་འཛུགས་སྐྲུན་བྱས་ཏེ། “སྐར་མ15”ཡི་ལས་ཞུགས་ཞབས་ཞུའི་ཁྱབ་ཁོངས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་་། འགན་བཅོལ་ནང་ཞུགས་པའི་ཁྱིམ་ཐོའི་ཚད་བཀག་ཕྱོགས་ཡོངས་ནས་མེད་པར་བཟོས་ནས། ཡུལ་སྐོར་པར་ལེན་པ་དང་། དམངས་ཤག་དོ་དམ་པ་སོགས་ལས་རྣམ་གསར་པའི་སྟབས་བསྟུན་ལས་ཞུགས་པའི་ཁེ་དབང་འགན་ལེན་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 《ལས་ཞུགས་ཞབས་ཞུ་ལ་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྟོབས་ཤུགས་བསྩལ་ཏེ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སྐོར་གྱི་བྱེད་ཐབས་ཁག་ཅིག》ཅེས་པའི་གོ་ཆོད་དུས་ཡུན་ལོ5 རེད།