མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས26ཉིན་གྱི་ཕྱི་དྲོ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་དམའ་དབྱིངས་དཔལ་འབྱོར་དང་། “མིས་བཟོས་རིག་ནུས+”། གྲོང་ཁྱེར་གསར་སྒྱུར། གསར་གཏོད་ལས་གཏོད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་། “མིས་བཟོས་རིག་ནུས+”རྒྱ་སྐྱེད་གཏིང་ཟབ་གཏོང་བ། གྲོང་ཁྱེར་གྱི་ནུས་པ་དང་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། གསར་གཏོད་ལས་གཏོད་ཀྱི་རྨང་གཞིའི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱེད་དགོས་པ་བསྟན།
ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་རྟེན་གཞིར་ཕེབས་སྐབས་ལུའོ་ཏུང་ཁྲོན་རྟེན་གཞིའི་འཛུགས་སྐྲུན་འཁོར་སྐྱོད་དང་། ཐོན་ལས་གསོ་སྐྱོང་། མི་མེད་གནམ་གྲུའི་བདེ་འཇགས་ལྟ་སྐུལ་དོ་དམ། ལས་རིགས་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོང་གིས་འདི་སྐད། དམའ་དབྱིངས་དཔལ་འབྱོར་ནི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པའི་མདུན་གྲལ་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་རྒྱ་ཆེན་པོ་ཡོད། རང་ཞིང་གི་ཡངས་ཤིང་རྒྱ་ཆེ་བའི་མཁའ་དབྱིངས་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་། ས་ཞིང་རྨོ་འདེབས་དང་ལུད་རྒྱག་པ། ནགས་རྩྭ་དོ་དམ་སྲུང་སྐྱོབ། འཕྲལ་སྡོམ་རོགས་སྐྱོབ། ཡུལ་སྐོར་ལྟ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་མཐོ་སྒང་གི་ཉེར་སྤྱོད་རྣམ་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་སྣེ་ཁྲིད་དུ་བྱས་ནས་ཞིབ་འཇུག་གསར་སྤེལ་དང་། སྒྲིག་སྦྱོར་ཚོད་ལྟ། ཚོད་འཕུར་ཚོད་རྟགས། རྣམ་པ་ཉེར་སྤྱོད་བཅས་ཚུད་པའི་སྦྲེལ་ཐག་ཧྲིལ་པོའི་ཐོན་ལས་མ་ལག་མགྱོགས་པོར་འཛུགས་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་སྟེ། མཁའ་དབྱིངས་ཁྱབ་ཁོངས་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོརདང་། ཆེད་ལས་འཛོན་ནུས་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དམའ་དབྱིངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན།
མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་ལུའོ་ཏུང་ཁྲོན་གྱིས་མཐོ་སྒང་གི་ཀླད་པའི་འཕྲུལ་ཆས་མཐུད་རྩལ་གྱི་ལག་རྩལ་ནད་ཐོག་སྨན་བཅོས་སུ་སྒྱུར་བ་དང་། གཞུང་རྐང་ཕྲ་ཕུང་དང་བསྐྱར་སྐྱེ་གསོ་རིག་ཚོད་ལྟ་ཁང་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་ཚུལ་གྱི་སྙན་ཞུར་སྙན། ཁོང་གིས་མཐོ་སྒང་དུ་ཐོན་མང་བའི་ནད་ཡམས་འགོག་བཅོས་ཀྱི་དགོས་མཁོ་དངོས་ལ་གཞི་ཚུགས་ནས་སྨན་བཅོས་དང་། སློབ་གསོ། ཚན་རིག་ཞིབ་འཇུག་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། མིས་བཟོས་རིག་ནུས་དང་། སྐྱེ་དངོས་གསོ་རིག་ལས་གཞི། གཞུང་རྐང་ཕྲ་ཕུང་ལག་རྩལ་བཅས་མཐོ་སྒང་གི་གསོ་རིག་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་ནས་ནད་ཐོག་སྨན་བཅོས་ར་སྤྲོད་དང་ཁྱབ་གདལ་བེད་སྤྱོད་བར་གྱི་སྦྲེལ་ཐག་ཧྲིལ་པོའི་ཚུལ་སྒྱུར་མ་ལག་མགྱོགས་མྱུར་བསྐྲུན་ནས། དཀའ་གནད་ཆེ་ཞིང་ཉེན་ཁ་ཆེ་བའི་ནད་རིགས་ལ་ཕྱོགས་བསྡུས་སྨན་བཅོས་བྱེད་པའི་ནུས་པ་དོན་དངོས་སུ་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་མུ་མཐུད་དུ་མཐོར་འདེགས་བྱེད་དགོས།
ཟི་ལིང་གྲོང་ཁྱེར་གྲོང་མཁར་ནུབ་ཁུལ་ཞིན་ཧའེ་ལམ་ཁྲོམ་གཞུང་ཀྲུང་ཧྭ་སྲང་ལམ་སྡེ་ཁུལ་དུ་བསྐྱོད་དེ། ལུའོ་ཏུང་ཁྲོན་གྱིས་བཟའ་བཏུང་འཛད་སྤྱོད་དང་། འཕྲོད་བསྟེན་ཞབས་ཞུ། གཞི་ཁུལ་རྙིང་པ་སྒྱུར་བཀོད་བཅས་ལ་ལྟ་ཞིབ་ནན་མོ་བྱས་པ་དང་། གཞིས་ཁུལ་ཆ་ཚང་གཞི་གཅིག་ཅན་གྱི་འཁོར་སྐྱོད་དང་དེ་བཞིན་སྐར་མ15ཡི་དམངས་ཕན་འཚོ་བའི་ཁུལ་འཛུགས་སྐྲུན་བྱས་ཚུལ་གྱི་སྙན་ཞུར་ཉན། ཁོང་གིས་འདི་སྐད། གཞིས་ཁུལ་ཆ་ཚང་དང་དམངས་ཕན་འཚོ་བའི་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་འཚོའི་བཟོ་སྐྲུན་ཡིན་ལ་འཕེལ་རྒྱས་ཀྱི་བཟོ་སྐྲུན་ཞིག་ཀྱང་རེད། མི་དམངས་ཀྱི་བློ་ཡིད་ཚིམ་ཐུབ་པ་བྱ་རྒྱུ་དེ་གྲོང་ཁྱེར་གསར་བརྗེས་བྱ་བར་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩིས་ནས་ཁྱོན་ཡོངས་ཀྱི་འཆར་འགོད་ཇུས་འགོད་ལ་ཤུགས་སྣོན་བྱེད་པ་དང་། སྐོར་རེར་ཐབས་ཇུས་གཅིག་རིགས་དབྱེ་འཛུགས་སྐྲུན་བྱེད་པ། ཚོང་ལས་སྒྲིག་བཀོད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། སྣ་མང་བཅོས་སྐྱོང་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ཤེས་རྟོགས་ཐུབ་པ་དང་ཚོར་ཐུབ་པའི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་དུ་བསྒྱུར་ནས་ཧུར་ཐག་སྒོས་སྡོད་གནས་དང་ལས་རིགས་ལ་འཚམ་པ་དང་། ཡུལ་སྐོར་དང་ཉོ་སྒྲུབ་ལ་འཚམ་པ། རྒན་པ་དང་བྱིས་པར་འཚམ་པ་བཅས་མི་ཡོངས་ལ་འཚམ་པའི་སྤུས་ཚད་ལྡན་པའི་འཚོ་བའི་ཚོམས་ཤིག་བསྐྲུན་དགོས་པ་བསྟན།
ཟི་ལིང་ལས་གཏོད་གསོ་སྐྱོང་རྟེན་གཞིར་ལུའོ་ཏུང་ཁྲོན་གྱིས་རྟེན་གཞིའི་གཉེར་སྐྱོང་དོ་དམ་དང་། ལས་ཞུགས་སྐུལ་ཁྲིད། གསར་གཏོད་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གསོ་སྐྱོང་ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་གཏིང་ཟབ་བྱས། ཁོང་གིས་འདི་སྐད། གསར་གཏོད་ལས་གཏོད་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་པའི་འབྱུང་རྩ་ཡིན་པས་གཞི་གྲངས་ཆེན་པོའི་ལག་རྩལ་ལ་བརྟེན་ནས་ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། མཁོ་སྤྲོད་ཕྱོགས་གཉིས་གནད་ལ་འཁེལ་བའི་སྦྲེལ་མཐུད་དང་ནུས་ཆེའི་སྙོམ་སྒྲིག་ལ་སྐུལ་འདེད་གཏོང་བ། དུས་འཁོར་ཧྲིལ་པོའི་གསོ་སྐྱོང་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་ལས་གཏོད་ལ་ཕན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་དེ། སྲིད་གཞུང་གིས་བཅོས་སྐྱོང་བྱེད་མཁས་པའི་ཉི་འོད་དང་སྦྲང་ཆར་ལ་བརྟེན་ནས་ཁེ་ལས་བདེ་ཐང་ངང་འཚར་ལོངས་ཡོང་བར་གསོ་སྐྱོང་བྱེད་དགོས་ཞེས་བསྟན།