དྲ་ཐོག་ནས་སྨན་ཉོས་ན་སྟབས་བདེ་ཞིང་མགྱོགས་པས། དེ་ནི་མི་མང་པོས་རྒྱུན་གཏན་གྱི་སྨན་ཉོ་སྟངས་གཙོ་བོར་གྱུར་ཡོད། འབྲེལ་ཡོད་བསྡོམས་རྩིས་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་དྲ་ཐོག་ནས་སྨན་རྫས་སིལ་ཚོང་གི་གཞི་ཁྱོན་སྒོར་དུང་ཕྱུར700ལས་བརྒལ་ཡོད་པ་དང་། 2025ལོར་སྒོར་དུང་ཕྱུར800ལས་བརྒལ་ཡོད། སྤྱི་དམངས་ཀྱིས་དྲ་ཐོག་ཏུ་ཉོས་པའི་སྨན་གྱི་བདེ་འཇགས་ལ་ཇི་ལྟར་འགན་སྲུང་བྱ་རྒྱུ་ནི་རང་རྒྱལ་གྱི་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་དོ་ཁུར་བྱེད་ས་དང་ཚད་ལྡན་དུ་གཏོང་བའི་བྱ་བའི་གཙོ་གནད་དུ་གྱུར་ཡོད།
ཉེ་སྔོན། རང་རྒྱལ་གྱི《ཐོར་འགོད་སྨན་རྫས་དྲ་ཐོག་ནས་སིལ་འཚོང་བྱེད་པའི་སྒྲིལ་སྲོལ་ཕྱོགས་སྟོན》ཁྱབ་བསྒྲགས་བྱས། དེའི་ནང“མིང་དངོས་བཀོལ་ནས་སྨན་ཉོ་བ་དང་། སྨན་སྦྱོར་པ་བཀོད་སྒྲིག་བྱེད་པ། ཆ་འཕྲིན་བདེན་པ་ཡིན་པ། ཉེན་ཟོན་སྔོན་བརྡ་ཡོད་པ། ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པ”སོགས་ཕྱོགས་ནས་ཚད་ལྡན་དུ་གཏང་དགོས་པའི་ཕྱིར་འཚོང་བྱེད་པའི་བརྒྱུད་རིམ་ཐད་ལ་བླང་བྱ་མང་པོ་བཏོན།
མིག་སྔར་དྲ་ལམ་དུ་སྨན་རྫས་ཕྱིར་འཚོང་བྱེད་སྐབས“སྨན་ཐོར་མི་བརྟེན་པར་ཕྱིར་འཚོང་བྱེད་པ”དང“སྨན་རྫས་ཕྱིར་འཚོང་གི་ཆ་འཕྲིན་འགྲེམས་སྟངས་འོས་འཚམ་མིན་པ”སོགས་ཀྱི་སྐྱོན་ཆར་དམིགས་ཏེ། གསར་དུ་བཏོན་པའི་ཁྲིམས་མཐུན་ཕྱོགས་སྟོན་དེ་རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་པ་དང་བླང་བྱ་གསལ་བོ་བཏོན་པ་འདི་ལྟ་སྟེ།
● དྲ་ལམ་དུ་སྨན་འཚོང་སྐབས་ངེས་པར་དུ་སྨན་ཐོ་ངོ་མ་དང་མིང་དངོས་ལ་བརྟེན་ནས་ཕྱིར་འཚོང་བྱེད་དགོས་པ་དང་། AIཡིས་སྨན་སྦྱོར་ཞིབ་བཤེར་བྱེད་མཁན་གྱི་ཚབ་བྱས་ཏེ། སྨན་ཐོ་ཡང་དུ་བསྐྱར་དུ་སྤྱོད་པའི་རིགས་གཏན་འགོག་བྱས་ནས་སྨན་སྦྱོར་ཞིབ་བཤེར་བྱེད་པའི་གྲངས་འབོར་ལུགས་མཐུན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་དགོས།
● འཛད་སྤྱོད་པར་སྨན་རྫས་བེད་སྤྱོད་ཐལ་དྲགས་པའམ་ཡང་ན་ལུགས་མཐུན་མིན་པའི་སྨན་རྫས་སྤྱོད་རྒྱུར་ཁྲིད་སྟོན་བྱས་མི་ཆོག
● ནར་མ་སོན་པའི་མིས་སྨན་ཐོ་ཡོད་པའི་སྨན་ཉོ་སྐབས། སྨན་བསྟེན་ཚུལ་གྱི་ཉེན་ཁ་གསལ་བོར་འགོད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་བཀག་འགོག་སོགས་བྱེད་དགོས།
རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སྨན་རྫས་ལྟ་སྐུལ་དོ་དམ་སིའི་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལིན་ཁྲང་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལས་སྟེགས་ཁེ་ལས་ཀྱིས་བཅའ་སྡོད་ཚོང་པའི་ཐོབ་ཐང་ལ་ཞིབ་བཤེར་དང་། ལས་སྟེགས་ཀྱི་ཆ་འཕྲིན་འགྲེམས་སྟོན་ལ་ཞིབ་བཤེར། ལས་སྟེགས་ཐོག་ཐོན་པའི་གཉེར་སྐྱོང་བྱ་སྤྱོད་ལ་དོ་དམ་བྱེད་དགོས། ལས་སྟེགས་ཐོག་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་མྱུར་དུ་བཀག་འགོག་དགོས་པ་མ་ཟད། ད་དུང་དུས་ཐོག་ཏུ་རྫོང་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཡར་ཞུ་བྱེད་དགོས། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་བྱུང་བ་ཤེས་ཚེ་སྨན་རྫས་དྲ་རྒྱའི་ཉོ་ཚོང་ཞབས་ཞུ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་ཟེར།
རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སྨན་རྫས་ལྟ་སྐུལ་དོ་དམ་སིའི་སི་ཀྲང་གཞོན་པ་ཀྲེང་ཝུའེ་ཡིས་འདི་སྐད། ལུགས་མཐུན་ཕྱོགས་སྟོན་ནང་དྲ་ལམ་སྨན་རྫས་སྨན་སིལ་འཚོང་བྱེད་ན“སྨན་ཐོ་དང་། ཞིབ་བཤེར། ཁུངས་འདེད། ཉེན་ཁ་ཚོད་འཛིན”བཅས་ཀྱི་ལྟེ་བའི་བླང་བྱར་བསྟུན་ནས་འབྱུང་རྩ་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱས་ཏེ་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་མ་མཐའི་ཚད་གཞི་ནན་སྲུང་བྱེད་པའི་རྨང་གཞིའི་ཐོག་སྨན་རྫས་དྲ་ལམ་དུ་ཕྱིར་འཚོང་བྱེད་པའི་ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།