2026ལོའི་མཚོ་སྔོན་གྱི་དངོས་ཟོག་ཡག་པོ་ཧྲང་ཧའེ“ལྔ་ལྔའི་ཉོ་སྒྲུབ་དུས་ཆེན”སྟེང་བསྐྱོད་པའི་བྱེད་སྒོ་དེ་ཟླ5པའི་ཚེས28ནས་ཟླ6པའི་ཚེས3ཉིན་ཧྲང་ཧའེ་རུ་གཟབ་རྒྱས་ངང་འགོ་རྩོམ་རྒྱུ་རེད། ཐེངས་འདིའི་བྱེད་སྒོ་ནི“ཁུ་ནུའི་ཉིང་བཅུད་ཕུའུ་ཅང་གཙང་པོར་བརྗིད་ཀྱིས་མངོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཧྲང་ཧའེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚན་ཆུང་དང་། ཧྲང་ཧའེ་འཛད་སྤྱོད་རོགས་སྐྱོར་མནའ་འབྲེལ་ལ་མཉམ་འགུལ་བྱས་ནས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། “ལྔ་ལྔའི་ཉོ་སྒྲུབ་དུས་ཆེན”གྱི་རྒྱལ་ཁབ་རིམ་པའི་འཛད་སྤྱོད་ཚོགས་འདུ་གཟབ་རྒྱས་ཀྱི་སྟེགས་བུར་བརྟེན་ནས། ཁྱད་ལྡན་འགྲེམས་ཁུལ་ཆེན་པོ་བཞི་ལྟེ་བར་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་ཀྱི་གྲུབ་འབྲས་གཅིག་སྡུད་བྱས་ནས། མཐོ་སྒང་གི་ལྗང་མདོག་སྤུས་ལེགས་ཐོན་རྫས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རྩེར་སོན་འཛད་སྤྱོད་ཁྲོམ་རར་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། “མཚོ་སྔོན་རྟགས་མའི”ཟོང་རྟགས་འཕར་རྒྱུར་སྐུལ་འདེད་གཏོང་བར་རོགས་རམ་བྱེད་རྒྱུ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། ཧྲང་ཧའེ་ཡི་འཛད་སྤྱོད་པའི་བཅུ་ཆའི་བདུན་ཙམ་གྱིས་ མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་མུ་མཐུད་དུ་དོ་ཁུར་བྱས་ཏེ། བཅུ་ཆའི་དྲུག་ཡན་གྱིས་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཐད་མ་དངུལ་གཏོང་སྤྲོད་བྱེད་འདོད་ཡོད་པས། ཁྲོམ་རའི་ཁས་ལེན་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། རྒྱུགས་ཆེའི་ཐོན་རྫས་རྐྱང་པས་ཚོང་ཧ་ཅང་བྲིན། ཤ་སྐམ་དང་། འཕང་འབྲས། མཐོ་སྒང་གི་འཁྱག་ཆུའི་ཉ་(སན་ཝུན་ཉ)བཅས་ཕྱིར་ཚོང་གི་གཙོ་ཤུགས་སུ་བརྟན་པོའི་ངང་གནས་ཡོད། གསར་ཟས་རིགས་ཀྱི་དྲོད་ཚད་འབྲིང་དང་དམའ་བའི་འོ་མ་ཚོང་འགྲིག་ཚད་ཀྱིས49%བཟུང་བ་དང་། སྐམ་ཤ་ཡིས30%བཟུང་བ། འཁྱག་ཆུའི་ཉ་དུས་མཉམ་ལས305.7%ཇེ་མཐོར་སོང་ཡོད་པས། “མཚོ་སྔོན་རྟགས་མའི”མིང་བྱང་གསར་པར་གྱུར་ཡོད། འཛད་སྤྱོད་ཀྱི་འཕེལ་ཕྱོགས་གནད་ལ་འཁེལ་བའི་རིམ་སྤོར་བྱས་ཡོད་དེ། ཐུམ་སྒྲིལ་ཆུང་གྲས་དང་། ལས་སྣོན་བྱས་མེད་པའི་ཐོན་རྫས། སྟབས་བདེའི་ཐོན་རྫས་བཅས་ལ་དགའ་བསུ་ཆེན་པོ་ཐོབ། 《ཧྲང་ཧའེ་དང་མཚོ་སྔོན་གྱི་སྤུས་ལེགས་ཚད་གཞི》ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱུ་ཆ་ངོས་འཛིན་དང་ཐོན་སྐྱེད་ལས་སྣོན། གྲང་བསིལ་སྐྱེལ་འདྲེན་བཅས་ཀྱི་གོ་རིམ་ཧྲིལ་པོར་ཧྲང་ཧའེ་ཡི་ཁྲོམ་རའི་བླང་བྱ་ནན་མོ་གཞིར་བཟུང་ནས། སྐམ་ཤ་སྲ་མོ་ཡིན་པ་སོགས་ཀྱི་དཀའ་གནད་སེལ་ཏེ། ས་གནས་དེ་གའི་བྲོ་བ་དང་འཚམ་པའི་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ལས་ཡོད། བརྒྱུད་ལམ་གྱི་ནུས་པ་རྒྱུན་མཐུད་སྒོས་བཏོན་ཡོད་དེ། གློག་རྡུལ་ཚོང་དོན་སྟེགས་བུའི་དྲ་ཐོག་ཚོང་ཚད་བརྟན་པོའི་ངང་འཕར་བཞིན་ཡོད་ལ། དངོས་གཞིའི་ཚོང་ཁང་དང་། སྔོ་ཚལ་ཐད་ཚོང་ཁང་། མཐོ་སློབ་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་བརྒྱུད་ལམ་ཉོ་སྒྲུབ་ཀྱི་དགོས་མཁོ་ཆེན་པོ་ཡོད་པས། མཚོ་སྔོན་གྱི་སྤུས་ལེགས་དངོས་པོ་ཧྲང་ཧའེ་རུ་བཙོང་བའི་ཁྲོམ་རའི་རྨང་གཞི་བརྟན་པོ་བཏིང་ཡོད།
ཐེངས་འདིའི་བྱེད་སྒོར་མཚོ་སྔོན་གྱི་Aརིམ་པའི་ཁེ་ལས་སྤུས་ལེགས་འདེམས་སྒྲུག་བྱས་ཏེ། ཚད་ལྡན་འགྲེམས་གནས40འཆར་འགོད་བྱས་པ་དང་། "མྱོང་རོལ་རྣམ་པའི་ཉམས་ལེན་དང་ལྟེ་བའི་ཚོང་ཟོག་འགྲེམས་ཚོང"གི་རྣམ་པ་བསྐྲུན་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་རང་མདངས་དང་ཐོན་ལས་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། མཚོ་སྔོན་གྱི་གསོལ་སྟོན"གྱི་ཁྱད་ལྡན་མྱོང་རོལ་ཁུལ་དུ། འཕྲལ་མར་ཟས་རིགས་མྱོང་རོལ་ལ་དམིགས་ནས། ནོར་ཤ་དང་། འཁྱག་ཆུའི་ཉ། འོ་མའི་ཐོན་རྫས། ནས་ཆང་བཅས་ལ་གཙོ་བོར་དམིགས་ཏེ། ཡུལ་དངོས་སུ་མྱོང་རོལ་དང་ཟས་རིགས་མྱོང་རོལ་བྱས་པ་བརྒྱུད་མཐོ་སྒང་གི་གསོལ་ཅོག་གི་བྲོ་བ་ཐད་ཀར་བརྒྱུད་སྤྲོད་བྱེད་ཐུབ་ལ། མཐོ་རིམ་གྱི་བདེ་ཐང་དགོས་མཁོར་དམིགས་ནས། དབྱར་རྩྭ་དགུན་འབུ་དང་། འཕང་འབྲས་དམར་པོ་དང་ནག་པོ། མཐོ་སྒང་གི་སྦྲང་རྩི་སོགས་ཞིབ་ཚགས་ལས་སྣོན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གྱི་བདེ་ཐང་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་དང་འཚམ་པར་བྱེད་དགོས། "མཚོ་སྔོན་གྱི་དངོས་ཟོག་ཡག་པོའི"ལྗང་མདོག་ཟས་རིགས་ཁུལ་དུ། ན་གཞོན་འཛད་སྤྱོད་ཚོགས་པར་དམིགས་ནས། ལི་གྲོ་དང་གྲོ་མ། ནས་ཀྱི་ཐོན་རྫས། མཐོ་སྒང་གི་ཁྱད་ལྡན་ཟས་རིགས་སོགས་ཐུམ་སྒྲིལ་ཆུང་ངུ་དང་ལས་སྣོན་བྱས་མེད་པའི་ཐོན་རྫས་ཁྱབ་སྤེལ་བྱས་ཏེ། དྲ་ཐོག་ནས་འཛད་སྤྱོད་སྟབས་བདེ་ཡོང་བར་མཐུན་སྦྱོར་བྱེད་རྒྱུ་རེད། "མཛེས་སྡུག་གི་མཚོ་སྔོན"གྱི་ཤུལ་བཞག་རིག་གནས་གསར་གཏོད་ཁུལ་དུ། རིག་གནས་ཡུལ་སྐོར་དང་ཁྱད་ལྡན་བཟོ་ལས་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་གྱི་གཙགས་དྲུབ་དང་། ཐང་ག བོད་ཀྱི་ས་གདན་སོགས་ཤུལ་བཞག་རིག་གནས་ལག་ཤེས་བཟོ་རྩལ་དང་ས་ཁོངས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་བྱས་ཏེ། ཟོང་རྟགས་རིག་གནས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་རེད།