ཟླ5པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་སྐམ་སའི་འཁྱགས་ལྟིར་འགྲན་སྡུར་མཚོ་སྔོན་མི་རིགས་སློབ་ཆེན་ཞའོ་ཏའོ་རིག་གནས་ལུས་རྩལ་ཁང་དུ་མགོ་བརྩམས། འདི་ནི་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་སློབ་གྲྭ་སྒེར་གྱིས་བསྒྲུབས་པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འཁྱགས་དར་རིགས་ཀྱི་ལུས་རྩལ་འགྲན་སྡུར་ཡིན་ལ། སྐབས་འདིའི་འགྲན་སྡུར་དེ་མཚོ་སྔོན་འཁྱགས་དར་ལུས་རྩལ་འཕེལ་རྒྱས་དང་ལུས་རྩལ་དང་སློབ་སྦྱོང་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཚབ་མཚོན་རང་བཞིན་གྱི་ལས་དོན་ཅིག་ཡིན་པ་མ་ཟད། མཚོ་སྔོན་འཁྱགས་དར་ལུས་རྩལ་འཕེལ་རྒྱས་ཀྱིས་སྐམ་སའི་འཁྱགས་ལྟིར་རྒྱ་ཁྱབ་ཏུ་འགྲོ་བར་གྲུབ་འབྲས་མངོན་གསལ་བླངས།
ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱིས་སྐམ་སའི་འཁྱགས་ལྟིར་དེ་འགྲན་སྡུར་མ་ལག་ཁྲོད་དངོས་སུ་བཞག་པ་དང་། སྲོལ་རྒྱུན་འཁྱགས་ལྟིར་རྣམ་གྲངས་ཀྱི་ས་གནས་དང་དུས་ཚིགས་ཀྱི་ཚད་བཀག་ལས་ཐོལ་བརྒལ་བྱས་ཏེ་མང་ཚོགས་ཟབ་ཞུགས་བྱེད་པའི་ཚད་གཞི་ཇེ་དམའ་རུ་བཏང་བ་དང་། འཁྱགས་ལྟིར་ལུས་རྩལ་ཀྱི་གུས་ལུགས་རིག་གནས་དང་འགྲན་སྡུར་ནང་དོན་ཆ་ཚང་སོར་བཞག་བྱས་ཡོད། ཐེངས་འདིའི་འགྲན་སྡུར་ལ་སྤྱི་བསྒྲགས་ཚན་ཆུང་དང་གཞོན་ནུའི་ཚན་ཆུང་ཀ་བ་དང་ཁ་བ་བཅས་ཚན་ཆུང་ཆེ་བ་གསུམ་དུ་བགོས་ཡོད་ལ། སྐྱེས་པའི་ཚོགས་པ་དང་སྐྱེས་མའི་ཚོགས་པ། ཕོ་མོ་ཉིས་སྡེབ་བཅས་རིགས་གསུམ་ལ་ཁྱབ་ཡོད་ཅིང་ཞིང་ཆེན་ཡོངས་ཀྱི་རུ་ཁག་མང་པོས་སྟེགས་བུ་གཅིག་བརྒྱུད་ནས་རྩལ་ནུས་འགྲན་རྒྱུ་རེད། ལྷག་པར་དུ་གཞོན་ནུའི་ཚན་ཆུང་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་གཞོན་ནུའི་འཁྱགས་དར་འགྲན་སྡུར་གྱི་མ་ལག་ལེགས་སྒྱུར་བྱས་ལ། ཁྱབ་རྒྱ་ཆེ་ཞིང་རིམ་པ་གསལ་བའི་བརྗེ་རེས་འགྲེམ་སྟོན་སྟེགས་བུ་བསྐྲུན་པ་དང་། ས་གནས་སོ་སོའི་གཞོན་ནུའི་ཚན་སྐོར་གྱི་སྦྱང་འབྲས་ལ་ཞིབ་དཔྱད་བྱས་ནས་རྗེས་གྲབས་འཇོན་མི་བསལ་འདེམས་ཐད་བརྒྱུད་ལམ་གལ་ཆེན་འདོན་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་སྐམ་སའི་འཁྱགས་ལྟིར་ལུས་རྩལ་དེ་སློབ་གླིང་དང་སྡེ་ཁུལ་དུ་བསྐྱོད་པར་སྐུལ་འདེད་བཏང་ནས་ད་སྔ་སློབ་གྲྭ་ཆུང་འབྲིང་དང་མཐོ་རིམ་སློབ་གྲྭ43གྱིས་སློབ་ཁྲིད་དང་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ཁྲོད་བཞག་པར་མ་ཟད། ལོ་གཅིག་གི་ཟབ་ཞུགས་མི་གྲངས་ཁྲི་ལས་བརྒལ། ལྷག་པར་དུ་ཆུ་ཚད་མཐོ་བའི་འགྲན་རིམ་གྱི་སྣེ་ཁྲིད་ཕྱོགས་ནས་མཚོ་སྔོན་གྱིས་ཀྲུང་གོའི་འཁྱགས་དར་མཉམ་འགྲན་སོགས་རྒྱལ་ཁབ་རིམ་པའི་འགྲན་སྡུར་མང་པོ་འགན་སྒྲུབ་བྱས་པ་དང་ས་ཁུལ་གྱི་ཤུགས་རྐྱེན་ཆེ་རུ་བཏང་བ་མ་ཟད། འགྲན་སྡུར་སྤེལ་བའི་ཉམས་མྱོང་གལ་ཆེན་གསོག་འཇོག་བྱས། འགྲན་སྡུར་མ་ལག་བསྟུད་མར་འཐུས་ཚང་དུ་ཕྱིན་པ་དང་འཇོན་མིའི་སྐས་རྡང་རིམ་བཞིན་ལེགས་པར་གྲུབ་ནས་སྐམ་སའི་འཁྱགས་ལྟིར་གྱི་ཤུགས་རྐྱེན་ཁྱབ་རྒྱ་ཆེ་རུ་བཏང་བ་མ་ཟད། སྐམ་སའི་འཁྱགས་ལྟིར་ནས་འཁྱགས་དར་འགྲན་སྡུར་དངོས་ལ་ཕྱོགས་པར་རྨང་གཞི་བརྟན་པོ་བཏིངས།