ནས་ནག་རྡོག་གཅིག་གི“འཕོ་འགྱུར”།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

དྲི་ཞིམ་འཐུལ་བའི་ནས་ནག་གི་ཀ་ར་གོ་རེ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གཅན་ཚའི་མཐོ་སྒང་ནས་ནག་བཟའ་ཆས་གསར་སྤེལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ལ“དྲི་ཞིམ་འཐུལ་བའི་ཁང་བཟང”ཞེས་བརྗོད་ན་མི་འོས་པ་ཅི་ཡང་མེད། 

ཟླ5ཚེས17ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མཐོ་སྒང་ནས་ནག་བཟའ་ཆས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་པ་ན། དྲི་བཟང་ཞིག་ནས་རྔོད་པའི་དྲོད་རླབས་དང་བསྡོངས་ནས་སྣ་དབང་དུ་ཐད་ཀར་རྒྱུ་འོང་། འཁོར་ཁང་དུ་ཐོན་སྐྱེད་ཧྲིལ་བོ་རང་འགུལ་ཅན་གྱི་རྣམ་པས་ཡོངས་སུ་སྦྲེལ་ནས་་གཏན་འཇགས་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ཅིང་།  མ་བཅོས་རྒྱུ་ཆ་འདེམས་གསེས་དང་།  གཙང་དག   ཞིབ་འཐག  རྫི་བ།  གདལ་བ། སྲེག་པ།  འཁྱགས་པ།  མཐར་ཐུམ་རྒྱག་པའི་གོ་རིམ་ཧྲིལ་བོ་གྲལ་དག་བའི་སྒོ་ནས་ནས་ནག་གི་ཀ་ར་གོ་རེ་རེ་གཅིག་རྗེས་གཉིས་འཕྲོར་ཐོན་སྐྱེད་བྱས་རྗེས།   སྤུས་ཚད་ལྟ་བཤེར་པས་གམ་དུ་ཐོན་རྫས་རེ་རེ་ཡི་མཐུག་ཚད་དང་སོབ་ཚད་ལ་ཞིབ་བཤེར་བྱེད་བཞིན་ཡོད།

སོ་མ་བཟོས་མ་ཐག་པའི་ནས་ནག་གི་ཀ་ར་གོ་རེ་ཞིག་ལག་པས་དུམ་བར་བགོས་པ་དང་ཆབས་ཅིག  ནས་ཀྱི་དྲི་ཞིམ་དེ་འགོག་མེད་དུ་རྣ་བར་འཐུལ་འོང་། ཀནས་ནག་གིས་བཟོས་པའི་ཀ་ར་གོ་རེ་དེ་དག་ནང་བཟའ་བཅའི་ཚི་སྣ་དང་། ཧྭ་ཆིན་སྐྱུར། β-རྒུན་འབྲུམ་འདུས་མངར་སོགས་འདུ་བས།  ད་ལྟའི་བདེ་ཐང་བཟའ་ཆས་ཀྱི་འཛད་སྤྱོད་བློ་ཁ་དང་མཐུན་ཞིང་། ཁྲོམ་རའི་ཁ་ལས་ཀྱང་སྔར་བཞིན་ཡག་པོ་རེད། 

ཐོན་རྫས་བཟང་པོ་ཞིག་འཁྱོངས་དགོས་ན་རྒྱུ་ཆ་དག་མ་ཡི་རམ་འདེགས་དགོས།  རྨ་ཆུའི་འགྲམ་དུ་ཆགས་པའི་གཅན་ཚ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་གཙང་ལ། ཉི་འོད་ཀྱི་ཐོན་ཁོངས་ཀྱང་ཕུན་སུམ་ཚོགས། ཉིན་མཚན་གྱི་དྲོད་གྲང་བར་ཁྱད་ཆེ་བ་སོགས་མཐོ་སྒང་གི་ཐུན་མིན་མཁའ་དབུགས་འོག་སྤུས་ལེགས་པའི་ནས་ནག་འདི་ཐོན་པ་རེད།  གཅན་ཚ་རྫོང་གིས་རང་བྱུང་གི་ཐོན་ཁུངས་དང་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གཞི་ཚུགས་ཏེ།  ས་གནས་རང་གི་ཁེ་ལས་པས་ནས་ནག་གི་རིན་ཐང་སྔོག་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ།  འབྲུ་སྣ་མང་པོ་ཁྱད་ལྡན་བཟའ་ཆས་སུ་སྒྱུར་བར་སྐུལ་འདེད་བཏང་ལ། གཅན་ཚ་རྫོང་གི་ནས་ནག་བཟའ་ཆས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་ནི་དེའི་ཁྲོད་ཀྱི་གཅིག་ཡིན། 

2021ལོའི་ཟླ6པའི་ནང་ཐོག་མར་གཉེར་བའི་ཁེ་ལས་དེས་ནས་ནག་གི་བཟོ་སྣོན་ཞིབ་ཚགས་ཅན་ལ་བརྩེ་གཅིག་ཏུ་གཞོལ་ཏེ།  རང་བདག་གི་ལྷད་མེད་སྐྱེ་ལྡན་བཟའ་ཆས་ཀྱི་སྤུས་རྟགས“མགྲོན(juàn)ཚང”བཏོད།  སྤུས་རྟགས་ཀྱི་མཚོན་དོན་གླེང་དུས་ཁེ་ལས་ཀྱི་འགན་འཁུར་བ་ནོར་བུ་དབང་ཕྱུག་གིས་འདི་སྐད། “མགྲོན”ནི་གདོད་ནས་ཡོད་ཅིང་རྩ་ཆེ་བའི་མགྲོན་བུ་སྟེ། རྒྱུ་དང་འབྱོར་བ་རབས་ནས་རབས་སུ་རྒྱུད་པ་མཚོན། “ཚང་”ནི་ཁ་འཆམ་ཞེ་མཐུན་གྱི་ཁྱིམ་ཚང་ཆེན་མོའི་མཚོན་དོན་ཡིན་ཟེར། 

ད་ལྟ་འདིར་ཚད་ལྡན་གྱི་ཐོན་སྐྱེད་འཁོར་ཁང་ཡོད་པ་མ་གཏོགས།  སྔོན་ཆད་ཁེ་ལས་འདི་ཡང་ཐར་ཐོར་གྱི་འདེབས་འཛུགས་དང་། ལག་བཟོས་རྔོད་སྲེག་ནས་རིམ་གྱིས་འདབ་ལག་རྒྱས་པ་ཡིན།  ནོར་བུ་དབང་ཕྱུག་གིས་འདི་སྐད།  ཆུང་དུས་ངས་ཆེས་མང་བོ་ཟ་བ་ནི་རྩམ་པ་རེད།  དེ་དུས་ནས་རྩམ་ནི་ཁྱིམ་ཚང་རེ་རེ་ཡི་ཁ་ཟས་གཙོ་བོ་ཡིན།  ནས་ཀྱིས་ད་དུང་ཆང་ཡང་བཙག་ཐུབ།  ང་ཚོས་སེམས་སུ་ནས་ནི་འབྲུ་རིགས་ཙམ་མ་གཏོགས་དེའི་སྲོག་ཏུ་རིག་གནས་དང་ལོ་རྒྱུས་ཀྱི་ཟུང་ཁྲག་བསྡུས་ཡོད་སྙམ་ཟེར།

དེ་ལྟ་ན་ཡང་ནོར་བུ་དབང་ཕྱུག་གིས་གནད་དོན་ཞིག་མཐོང་བ་ནི།  ལོ་དུ་མའི་རིང་ལ། ཡུལ་དེའི་ནས་ནག་མང་ཤོས་ཤིག་ས་བོན་གྱི་ངོས་ནས་ཐད་ཀར་ཕྱིར་འཚོང་བྱེད་བཞིན་ཡོད་པས།  ཐོན་ལས་ཀྱི་སྦྲེལ་ཐག་ཧ་ཅང་ཐུང་བ་མ་ཟད། མ་དངུལ་ཡང་མང་པོ་ཞིག་རྙེད་ཐུབ་ཀྱིན་མེད།   དེ་ཁར་ན་གཞོན་རྣམས་ཕྱིར་ཞོར་ལས་ལ་ཕྱིན་ནས་སྡེ་བའི་ས་ཞིང་བསྐྱུར་མཁན་ཇེ་མང་ནས་ཇེ་མང་རེད།  ནོར་བུ་དབང་ཕྱུག་གིས་ཚུལ་དེ་མཐོང་ནས་དབང་མེད་དུ་ཕངས་སེམས་ཤིག་སྐྱེས། 2021ལོར་ཁོས་སྡེ་བའི་ས་ཞིང་གླ་རྒྱུ་ཐག་བཅད་དེ།  གཞི་ཁྱོན་ཅན་གྱི་ནས་ནག་འདེབས་མགོ་བརྩམས་པ་མ་ཟད།   གང་སར་རྒྱུག་ནས་མ་དངུལ་བསྡུ་ལེན་ལ་བརྩོན་ལེན་བྱས་མཐར།   མ་དངུལ་ས་ཡ་ལྷག་བཏང་སྟེ།  སྨི་གྲུ་བཞི་མ1600ལྷག་ཡོད་པའིGMPཚད་ལྡན་ཅན་གྱི་འཁོར་ཁང་བསྐྲུན་ནས་ནས་ནག་བཟོ་སྣོན་གྱི་ལམ་དུ་ཞུགས།

ནོར་བུ་དབང་ཕྱུག་གིས་ནས་ནག་བཟོ་སྣོན་བྱས་པའི་ཐོན་རྫས་སྟོན་པ།

 ནས་ནག་གི་རྩམ་པ་དང་། ནས་ནག་གི་ཀ་ར་གོ་རེ། ནས་ནག་གི་འོ་ཇ་སོགས་རིམ་པ་བཞིན་བཟོས།  ད་ཆ་ཁེ་ལས་ཀྱི་ནས་ནག་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་དེ་གཅན་ཚ་རྫོང་གི་སྔོ་སྐྱབས་སྡེ་བའི་ས་ཞིང་སྤྱི་ཆིང26.6དང་། ཞོ་བཟང་སྡེ་བའི་ས་ཞིང་སྤྱི་ཆིང60ལ་བསྐྱེད་ཡོད་ཅིང་། ས་ཞིང་ཁྱོན་ཡོངས་ལ་སྤྱི་ཆིང86.6ཟིན། རྟེན་གཞི་དེས་གོ་རིམ་ཧྲིལ་བོར་སྐྱེ་ཁམས་ཀྱི་འདེབས་འཛུགས་བྱེད་སྟབས་སྤྱད་ཡོད་ཅིང་། རྫས་འགྱུར་ལུད་རྫས་དང་ཞིང་སྨན་སོགས་མི་གཏོར་བར་ཚད་ངེས་ཅན་ལྡན་པའི་ནས་ཀྱི་དྲོ་བ་སོར་འཇོག་ཅི་ཐུབ་བྱས་ཡོད།

 སྟོན་སྡུད་སྐབས་སུ།  ཞིང་འབྲེག་འཕྲུལ་འཁོར་ལ་བརྟེན་ནས་སྙེ་མ་རྒྱགས་ལ་སྨིན་པ་བརྔ་བསྡུ་བྱས་རྗེས་ཐད་ཀར་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བསྐྱལ་བ་དང་། དེ་ནས་མ་བཅོས་རྒྱུ་ཆ་བཟའ་ཆས་སུ་བསྒྱུར་མགོ་བརྩམས་པ་ཡིན།  འཁོར་ཁང་དུ་སྡེབ་རྫས་ཞིབ་འཐག་དང་།  རྫི་བ།  སྲེག་པ། མ་དཔེ་བླངས་ནས་སྤུས་ཀར་ཞིབ་བཤེར་ལ་སོགས་བྱེད་ནུས་ཁུལ་སོ་སོ་བགར་ཡོད། ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་དུ་སྲོལ་རྒྱུན་གྱི་སྡེབ་སྦྱོར་དང་དེང་རབས་ཀྱི་བཟའ་ཆས་བཟོ་སྣོན་ལག་རྩལ་ཟུང་དུ་འབྲེལ་ནས་ཡོད་ཅིང་།  ཉིན་རེའི་ཆ་སྙོམས་ཀྱི་ཐོན་འབོར་དེ་ཏུན2ཡན་གཏན་འཇགས་ཐུབ་ཡོད་པ་དང་། ལོ་གཅིག་གི་སྤྱིའི་ཐོན་འཁོར་ཏུན730ལ་བརྒལ་བ་ཡོད་པས།  ཐོན་རྫས་ཟམ་མི་ཆད་པར་མཁོ་འདོན་དང་ཁྲོམ་རའི་དགོས་མཁོ་གཏན་འཇགས་ལ་འགན་ལེན་ཐུབ་ཡོད།

ནོར་བུ་དབང་ཕྱུག་གིས་འདི་སྐད། བཟོ་སྣོན་བྱེད་སྟངས་དེ་རིགས་ཀྱིས་ནས་ནག་གི་སྔར་སྲོལ་གྱི་ཕྱིར་འཚོང་བྱེད་སྟངས་བསྒྱུར་ཏེ།  མཐོ་སྒང་གི་འབྲུ་རིགས་ཀྱི་སྤུས་ཚད་རིམ་པ་གོང་དུ་སྤར།  ཁེ་ལས་ཀྱི་ད་ལྟའི་འཕེལ་རྒྱས་འཆར་གཞི་ལྟར་ན།  འབྱུང་འགྱུར་འཁོར་ཁང་དུ་ལོ་འཁོར་གྱི་ནས་ནག་རྩམ་པ་ཏུན30དང་། ནས་ནག་གི་ཀ་ར་གོ་རེ་ཐུམ་ཁྲི240། ནས་ཀྱི་འོ་ཇའི་ཇ་ཕོར་ཁྲི50བཅས་ཐོན་སྐྱེད་བྱེད་ཐུབ་པས། ལོ་ཧྲིལ་བོར་ཕྱིར་འཚོང་གི་གྲངས་འབོར་སྒོར་ཁྲི་སྟོང་ལས་བརྒལ་ཐུབ་པའི་རེ་བ་ཡོད། དེ་དང་ཆབས་ཅིག  ཐོན་ལས་གོང་སྤེལ་གྱིས་ཉེ་འཁོར་གྱི་མང་ཚོགས་ལ་ཡང་ཁེ་བཟང་བསྐྲུན་ཡོད།  དུས་ཡུན་རིང་བོར་སྡེ་མི30ལྷག་ལས་གནས་སུ་དྲངས་ཏེ་ཉེ་འཁོར་ས་ཁོངས་ལ་སྒོར་ཁྲི120ཡི་ཡོང་འབབ་བསྐྲུན་བཞིན་ཡོད་ཟེར།

 འཛད་སྤྱོད་པས་ནས་ནག་གི་ཀ་ར་གོར་སོབ་ཟ་ཞོར་ཏུ་ནས་ནག་གི་འོ་ཇ་མངར་མོ་རེ་འཐུང་བ་དང་ལྷན་དུ་མྱོང་བཞིན་པ་ནི་མཐོ་སྒང་གི་ནས་ཀྱི་དྲོ་བ་རྣལ་མ་དེ་ཡིན།  ནས་འབྲུ་ནས་ཀ་ར་གོ་རེ་དང་འོ་ཇ་མངར་མོ་རུ་འགྱུར་བའི་ཐོན་ལས་ཀྱི་སྦྲེལ་འཐག་ཆ་ཚང་འདིས་མཐོ་སྒང་གི་འབྲུ་སྣ་མང་པོ་རི་བོའི་ཕ་རོལ་བརྒལ་ཏེ།  ཁྱད་ལྡན་ཞིང་ལས་ཉིད་ཡུལ་དེ་གའི་ཞིང་གྲོང་སྒོ་ཀུན་ནས་དར་སྤེལ་གཏང་བའི་ཆེས་སྲ་ཞིང་བརྟན་པའི་འདེགས་སྐྱོར་ཏུ་བསྒྱུར་རོ། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།