ན་ཡོལ་ངལ་རྩོལ་པའི་ཁེ་དབང་འགན་སྲུང་གཏན་འབེབས་གསར་པ་ཟླ7པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྒས་ན་བརྟེན་ས་ཡོད་ཅིང་། དབང་ཆར་སྲུང་མཁན་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་ལས་ཁུངས་ལྔས་ཟླ5པའི་ཚེས25ཉིན《ན་ཡོལ་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་གི་གནས་སྐབས་ལག་བསྟར་གཏན་འབེབས》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ནས་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། འདི་ནི་རང་རྒྱལ་གྱི་ན་ཡོལ་ངལ་རྩོལ་པའི་ཁེ་དབང་ཁ་གསལ་བཟོས་པའི་ཆེད་དམིགས་སྒྲིག་སྲོལ་ཐོག་མ་ཡིན།

ཅི་ཞིག་ལ་ན་ཡོལ་ངལ་རྩོལ་པ་ཟེར། 

མིང་ལ་བལྟས་ན་ཡང་དོན་གྱི་ཧ་གོ་ཡོང་སྟེ། དེ་ནི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ན་ཡོལ་ངལ་རྩོལ་པ་ཡིན། དེའི་ནང་ལས་འཁྱུར་ངལ་གསོ་བྱས་ནས་བསྐྱར་དུ་གདན་ཞུ་བྱས་པའི་ལག་རྩལ་རྐང་འཛིན་པ་དང་ཆེད་མཁས་པ་ཡོད་ལ་བདེ་སྲུང་དང་ཁྱིམ་ལས་སོགས་ཀྱི་ལས་ཀ་བྱེད་མཁན་གཞི་རིམ་གྱི་ངལ་རྩོལ་པའང་ཡོད། ཁྲིམས་ལྟར་སྔ་སྣུར་དུ་ལས་འཁྱུར་ངལ་གསོ་བྱས་པའི་ངལ་རྩོལ་པ་ཡང་ན་ཡོལ་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱ་ཡུལ་གྱི་ཁོངས་སུ་བཅུག་ཡོད།  གསལ་བཤད་བྱེད་དགོས་པ་ཞིག་ནི། ལས་འཁྱུར་ངལ་གསོའི་དུས་ཡུན་ནང་ངལ་རྩོལ་གྱི་འབྲེལ་བ་ཡོད་པའི་ངལ་རྩོལ་པར་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་དང་། དོན་ལས་ལས་ཁུངས་ཀྱི་མི་དོན་དོ་དམ་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་སྲུང་སྐྱོབ་བྱེད་པ་མ་གཏོགས། གནས་སྐབས་ལག་བསྟར་བྱེད་པའི་གཏན་འབེབས་ཀྱི་བཀོལ་སྤྱོད་ཁྱབ་ཁོངས་སུ་བཅུག་མེད།

མིག་སྔར། རང་རྒྱལ་དུ་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ལས་བརྒལ་ན་ཡང་སྔར་བཞིན་ལས་ཞུགས་བྱེད་བཞིན་པའི་ངལ་རྩོལ་པ་ཧ་ཅང་མང་བས། ངལ་རྩོལ་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འགན་སྲུང་མི་འདང་བའི་གནད་དོན་འཕྲད་ཡོད། གནས་སྐབས་ལག་བསྟར་གཏན་འབེབས་ཁྱབ་སྒྲོག་བྱེད་པའི་དམིགས་ཡུལ་ནི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ངལ་རྩོལ་བཅའ་ཁྲིམས་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་དང་། མི་སྤྱོད་ལས་ཁུངས་དང་ན་ཡོལ་ངལ་རྩོལ་པའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོས་ཏེ། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ན་ཡོལ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཡོད། 

ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ལིན་ཅ་ཡིསདུས་ཡུན་རིང་པོའི་ནང་ན་ཡོལ་ངལ་རྩོལ་པ་མང་ཆེ་བརཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་པརྒྱུ་མཚན་དུ་བྱས་ཏེ་ངལ་ལས་འབྲེལ་བར་ངོས་འཛིན་བྱེད་པ་རེད། དེ་ནི་ངལ་རྩོལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཁྱབ་ཁོངས་དང་ལོགས་སུ་གྱེས་ཡོད། གནས་སྐབས་ལག་བསྟར་གཏན་འབེབས་ནང་ངལ་རྩོལ་འབྲེལ་བ་ཡོད་མེད་དེ་ངལ་རྩོལ་འགན་སྲུང་གི་ཚད་གཞི་ཁོ་ན་མི་བརྩི་བར་ན་ཡོལ་ངལ་རྩོལ་པའི་ངལ་རྩོལ་དོན་དངོས་ལ་གཞིགས་ནས། གཞི་རྩའི་ཁེ་དབང་འགན་སྲུང་གཙོ་བོར་བཟུང་ནས་གནད་ལ་འཁེལ་བའི་སྲུང་སྐྱོང་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།

གནས་སྐབས་ལག་བསྟར་གཏན་འབེབས་ཀྱིས་ཕྱོགས་མང་པོ་ནས་ན་ཡོལ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཡོད། 

ངལ་རྩོལ་གླ་ཆའི་ཕྱོགས་ནས། དུས་ཐོག་ཏུ་ངལ་རྩོལ་གླ་ཆ་འདང་ངེས་སྤྲོད་དགོས་པ་དང་། ངལ་རྩོལ་གླ་ཆ་དེ་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་མི་དམའ་བའི་བླང་བྱ་ཁ་གསལ་བཟོས་ཡོད།

ངལ་གསོ་དང་གུང་གསེང་གཏོང་བའི་ཕྱོགས་ནས། ཁྲིམས་བཀོད་དུས་ཚོད་ཀྱི་གཏན་འབེབས་དང་ལོ་གསར་དང་དུས་ཆེན་དྲན་གསོའི་ཉིན་མོ་བཅས་ཀྱི་གུང་གསེང་གཏོང་བའི་བྱེད་ཐབས་ལ་བརྩི་སྲུང་བྱེད་དགོས་པའི་བླང་བྱ་གསལ་བོ་བཏོན་ཡོད་དེ། སྤྱིར་བཏང་དུ་ན་ཡོལ་ངལ་རྩོལ་པར་ལས་སྣོན་བཀོད་སྒྲིག་མི་བྱེད་པ་དང་། གལ་ཏེ་ལས་སྣོན་བཀོད་སྒྲིག་བྱེད་ན་ཡང་བྱེད་མཁན་གྱིས་ངལ་རྩོལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས།

ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་གྱི་ཕྱོགས་ནས། མི་སྤྱོད་ལས་ཁུངས་ཀྱིས་ན་ཡོལ་ངལ་རྩོལ་པར་འོས་འཚམ་གྱི་ལས་གནས་དང་འོས་འཚམ་གྱི་ངལ་རྩོལ་ཤུགས་ཚད་བཀོད་སྒྲིག་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་ལས་རིགས་འཕྲོད་བསྟེན་ཐད་ཀྱི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་དགོས།

ལས་རྨས་འགན་སྲུང་གི་ཕྱོགས་ནས། མི་སྤྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ན་ཡོལ་ངལ་རྩོལ་པ་ལས་རྨས་འགན་སྲུང་ལ་ཞུགས་དགོས་ཚུལ་གསལ་བོར་བསྟན་ཡོད། ཀྲུང་དབྱང་ནོར་དཔལ་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་པ་ཧྲེན་ཅན་ཧྥུང་གིས་གཏན་འབེབས་དེ་དག་གིས་ན་ཡོལ་ངལ་རྩོལ་པའི་ལུས་སེམས་བདེ་ཐང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། མི་སྤྱོད་ལས་ཁུངས་ལ་ལུགས་དང་མི་མཐུན་པའི་ཁུར་པོ་མི་བཟོ་པར་སྔོན་འགོག་བྱས་ཡོད་ཟེར།

གནས་སྐབས་ལག་བསྟར་གཏན་འབེབས་ཀྱི་བླང་བྱ་གཞིར་བཟུང་སྟེ། མི་སྤྱོད་ལས་ཁུངས་ཀྱིས་ན་ཡོལ་ངལ་རྩོལ་པས་འགན་ཁུར་ཐུབ་པའི་ལས་གནས་བཀོད་སྒྲིག་བྱེད་དུས་ལུགས་མཐུན་མིན་པའི་ལོ་ཚད་ཀྱི་ཚད་བཀག་བཟོ་མི་རུང་བ་དང་། དུས་མཚུངས་ན་ཡོལ་ངལ་རྩོལ་པའི་ལུས་སེམས་ཀྱི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བཏང་སྟེ།  ན་ཡོལ་ངལ་རྩོལ་པའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཟོ་སྲིད་པའི་ལས་གནས་ཐོག་ན་ཡོལ་ངལ་རྩོལ་པ་བསྡུ་སྤྱོད་བྱེད་མི་རུངཞེས་ཀྲུང་གོ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཝུན་ཅིང་གིས་མི་སྤྱོད་ལས་ཁུངས་ཀྱིས་ཀྱང་དུས་ཐོག་ཏུ་ན་ཡོལ་ངལ་རྩོལ་པ་དང་ཡིག་ཐོག་གི་མི་བཀོལ་གྲོས་མཐུན་བཞག་ནས་ཁེ་དབང་ཁག་གི་འགན་སྲུང་འོས་འགན་དོན་འཁྱོལ་བྱེད་དགོས་ཟེར།

མི་མི་ཉུང་བ་ཞིག་གིས་ན་ཡོལ་ངལ་རྩོལ་པ་མུ་མཐུད་དུ་ལས་བཟོ་པའི་རྒན་གསོའི་འགན་སྲུང་ནང་ཞུགས་ཐུབ་མིན་དང་ཇི་ལྟར་གྲོན་དངུལ་འཇལ་དགོས་པར་སེམས་ཁུར་བྱེད་ཀྱི་ཡོད།

གནས་སྐབས་ལག་བསྟར་གཏན་འབེབས་ནང་དུ། གྲོན་དངུལ་འཇལ་ཡུན་བསྲིངས་དགོས་པའི་ན་ཡོལ་ངལ་རྩོལ་པས་མི་སྒེར་གྱི་ཐོབ་ཐང་ལ་བརྟེན་ནས་རྒན་གསོའི་འགན་སྲུང་གྲོན་དངུལ་མུ་མཐུད་འཇལ་ཆོག་པ་དང་། མི་སྤྱོད་ལས་ཁུངས་དང་གྲོས་མོལ་གཅིག་མཐུན་བྱུང་བ་བརྒྱུད་ནས་མི་སྤྱོད་ལས་ཁུངས་ཀྱིས་ཀྱང་ན་ཡོལ་ངལ་རྩོལ་པར་རྒན་གསོ་འགན་སྲུང་གི་གྲོན་དངུལ་འཇལ་ཆོག་པ་དང་། མི་སྒེར་གྱིས་འཇལ་དགོས་པའི་རྒན་གསོའི་གྲོན་དངུལ་དེ་མི་སྤྱོད་ལས་ཁུངས་ཀྱིས་ཚབ་འཐེན་ཚབ་འཇལ་བྱེད་དགོས།

སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་ལས་ཁུངས་ཀྱིས་ཀྱང་སྤྱི་པའི་ཞབས་ཞུ་གཉེར་སྒྲུབ་སྔར་བས་ཇེ་ལེགས་སུ་བཏང་ནས་ཆ་འཕྲིན་འདྲི་རྩད་ཐབས་ལམ་ཡངས་པོ་འདོན་རྒྱུ་དང་། གྲོན་དངུལ་འཇལ་ཡུན་ཇེ་རིང་དུ་གཏོང་བར་མཛུབ་ཁྲིད་གསལ་བོ་བྱ་ཆེད། སྔར་ལས་ལས་ཆོད་ཆེ་ཞིང་སྟབས་བདེ་བའི་འགན་སྲུང་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིནཞེས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་སི་ཅུའུ་ཡི་འགན་འཁུར་བས་བཤད།

གཞན་ཡང་གནས་སྐབས་ལག་བསྟར་གཏན་འབེབས་ནང་ད་དུང་ན་ཡོལ་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་གི་རྒུད་སྐྱོབ་ཐབས་ལམ་ཁ་གསལ་བཟོས་ཡོད་པ་དང་། ན་ཡོལ་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་གི་རྐྱེན་གྱིས་བྱུང་བའི་རྩོད་གཞི་དེ་ངལ་རྩོལ་རྩོད་གཞི་འདུམ་འགྲིག་འདུམ་གཅོད་ཀྱི་གོ་རིམ་དང་ངལ་རྩོལ་ལྟ་ཞིབ་ཀྱི་ཁྱབ་ཁོངས་སུ་འཇོག་རྒྱུ་ཁ་གསལ་བཟོས་ཡོད།

 ལིན་ཅ་ཡིས་འདི་སྐད་གནས་སྐབས་ལག་བསྟར་གཏན་འབེབས་ཀྱིས་ན་ཡོལ་ངལ་རྩོལ་པརརྒས་ན་བརྟེན་ས་ཡོད་ཅིང་།  ངལ་རྩོལ་བྱས་ན་གླ་ཆ་ཡོད་པ། དབང་ཆར་སྲུང་མཁན་ཡོད་པབཅས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་མ་ཟད། སྲིད་འཛིན་ཁྲིམས་འཛིན་དང་། ངལ་རྩོལ་རྩོད་གཞི་འདུམ་འགྲིག་འདུམ་གཅོད། ཁྲིམས་ཁང་གིས་ཁྲུན་གཅོད་བཅས་ཀྱི་ཚད་གཞི་གཅིག་གྱུར་ཡོང་བར་ཕན་ཐོགས་ཡོད་པས་དང་། དམིགས་བསལ་ངལ་རྩོལ་ཚོགས་སྤྱི་གཞན་དག་གི་ཁེ་དབང་འགན་སྲུང་ལ་དཔྱད་གཞིར་འཛིན་ཆོག་པའི་བཅའ་ཁྲིམས་ཀྱི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད་ཟེར།

 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།