མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམིགས་འཛུགས་ རྒྱུ་ལམ་ནས་སྲོག་ཆགས་ནང་འདྲེན་བྱེད་པའི་སྐོར་གྱི་ཁྱབ་བརྡ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམིགས་འཛུགས་རྒྱུ་ལམ་ནས་སྲོག་ཆགས་ནང་འདྲེན་བྱེད་པའི་སྐོར་གྱི་ཁྱབ་བརྡ།

མཚོ་སྲིད﹝2026﹞ཨང10བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

ཞིང་ཆེན་ཕྱི་རོལ་ནས་བསྐྱལ་ཡོང་བའི་སྲོག་ཆགས་ལ་རིམས་ནད་འགོག་སྡོམ་དང་བདེ་འཇགས་དོ་དམ་བྱེད་པར་ཤུགས་སྣོན་ཞིང་། སྐྱེལ་འདྲེན་མཚམས་ཚིགས་སུ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མཆེད་པའི་ཉེན་ཁ་ནུས་ལྡན་གྱིས་སྔོན་འགོག་བྱས་ཏེ། སྲོག་ཆགས་བརྒྱུད་རིམ་ལྡན་ཞིང་བདེ་འཇགས་ངང་སྐྱེལ་འདྲེན་བྱེད་པའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ནས། ད་ལྟ་རང་ཞིང་གི་དམིགས་འཛུགས་རྒྱུ་ལམ་ནས་སྲོག་ཆགས་ནང་འདྲེན་བྱེད་པའི་འབྲེལ་ཡོད་དོན་ཚན་སྐོར་ཁྱབ་བརྡ་བཏང་བ་གཤམ་གསལ་ལྟར། 

གཅིག  སྲོག་ཆགས་མཚོ་སྔོན་དུ་སྐྱེལ་སའི་དམིགས་འཛུགས་རྒྱུ་ལམ17བཙུགས་ཡོད་པ་གཤམ་གསལ་ཏེ། རྨིན་ཧོ་རྫོང་མ་ཁྲང་ཡོན་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་དང་རྨིན་ཧོ་རྫོང་ཀོན་ཐིན་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། རྨིན་ཧོ་རྫོང་བྱང་ཐང་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། ཧུའུ་ཀྲུའུ་རྫོང་རྒྱ་ཏིག་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། ཞུན་ཧྭ་རྫོང་རཀྴི་མདོའི་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། མདོ་ལ་རྫོང་མཁར་དམར་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། མདོ་ལ་རྫོང་གཞུང་ལམ་དགུ་བའི་འབྲོང་ལམ་ཤང་ལམ་དུམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། མང་ནེ་གྲོང་ཁྱེར་ཧོང་མང་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། ཚྭ་འདམ་ཆེ་བའི་སྲིད་ཨུའི་ཡུས་ཆ་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། མང་ནེ་གྲོང་ཁྱེར་གོར་མང་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། ན་གོར་མོ་གྲོང་ཁྱེར་ལྷོ་རི་ཉག་གའི་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། ནང་ཆེན་རྫོང་ཝ་ཁུར་སྣ་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། ཁྲི་འདུ་རྫོང་སྡོམ་མདའ་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། པད་མ་རྫོང་དྷི་མདའ་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། གཅིག་སྒྲིལ་རྫོང་ཁང་གསར་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། ཐུན་རིན་རྫོང་མགར་རྩེ་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས། རྨ་ལྷོའི་སོག་རྫོང་གསེར་ལུང་གཞུང་ལམ་གྱི་སྲོག་ཆགས་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་བཅས་སོ། །

གོང་གསལ་སྲོག་ཆགས་མཚོ་སྔོན་དུ་སྐྱེལ་སའི་དམིགས་འཛུགས་རྒྱུ་ལམ་ལེགས་སྒྲིག་བྱས་ཚེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས། དམིགས་འཛུགས་རྒྱུ་ལམ་དེ་དག་ཞིང་ཆེན་མི་དམངས་སྲིད་གཞུང་འཐད་པ་མ་བྱུང་ན་སྡེ་ཚན་གང་གིས་ཀྱང་རང་དགར་མེད་པར་བཟོ་མི་ཆོག 

གཉིས། སྲོག་ཆགས་སྐྱེལ་འདྲེན་བྱས་ཏེ་རང་ཞིང་དུ་ཡོང་ན་བླང་བྱ་ལྟར་སྒོ་ཕྱུགས་དང་ཁྱིམ་བྱའི་མཚོན་རྟགས་སྦྱར་དགོས་ཤིང་། ཟོག་བདག་གམ་སྐྱེལ་འདྲེན་བྱེད་འགན་ཁུར་མཁན་གྱིས་ངེས་པར་རླངས་འཁོར་དང་འགྲོགས་ཏེ་སྲོག་ཆགས་ཀྱི་རིམས་འགོག་ཞིབ་བཤེར་ཚད་ལོན་ལག་ཁྱེར་དང་། སྒོ་ཕྱུགས་དང་ཁྱིམ་བྱ་སྐྱེལ་འདྲེན་སྡེ་ཚན(མི་སྒེར)དང་སྐྱེལ་འདྲེན་རླངས་འཁོར་གྱི་ཐོ་འགོད་རྒྱུ་ཆ་ཁྱེར་ནས་གོང་གསལ་དམིགས་འཛུགས་རྒྱུ་ལམ་ནས་ཡོང་རྗེས། རང་འགུལ་ངང་སྲོག་ཆགས་ཀྱི་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ལ་ཞིབ་བཤེར་རེ་ཞུ་འབུལ་ཞིང་། ལྟ་སྐུལ་ཞིབ་བཤེར་དང་དུག་སེལ་དང་ལེན་བྱ་དགོས་པ་དང་། ཞིབ་བཤེར་གྱི་ཚད་ལོན་ནས་དམིགས་འཛུགས་རྒྱུ་ལམ་གྱི་ཆེད་སྤྱོད་རྟགས་ཐམ་བརྒྱབ་རྗེས། ད་གཟོད་མུ་མཐུད་དུ་ཞིང་ཆེན་ནང་དུ་ཡོང་ཆོག

གསུམ། སྲོག་ཆགས་སྐྱེལ་འདྲེན་བྱས་ཏེ་རང་ཞིང་བརྒྱུད་ནས་འགྲོ་ན་བླང་བྱ་ལྟར་སྒོ་ཕྱུགས་དང་ཁྱིམ་བྱའི་མཚོན་རྟགས་སྦྱར་དགོས་ཤིང་། ཟོག་བདག་གམ་སྐྱེལ་འདྲེན་བྱེད་འགན་ཁུར་མཁན་གྱིས་ངེས་པར་རླངས་འཁོར་དང་འགྲོགས་ཏེ་སྲོག་ཆགས་ཀྱི་རིམས་འགོག་ཞིབ་བཤེར་ཚད་ལོན་ལག་ཁྱེར་དང་། སྒོ་ཕྱུགས་དང་ཁྱིམ་བྱ་སྐྱེལ་འདྲེན་སྡེ་ཚན(མི་སྒེར)དང་སྐྱེལ་འདྲེན་རླངས་འཁོར་གྱི་ཐོ་འགོད་རྒྱུ་ཆ་ཁྱེར་ནས་གོང་གསལ་དམིགས་འཛུགས་རྒྱུ་ལམ་ནས་ཡོང་དགོས་པ་མ་ཟད། སྲོག་ཆགས་ཀྱི་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ལ་ཞིབ་བཤེར་རེ་ཞུ་འབུལ་ཞིང་། ལྟ་སྐུལ་ཞིབ་བཤེར་དང་དུག་སེལ་དང་ལེན་བྱེད་པ་དང་། གཏན་འབེབས་ཀྱི་དུས་ཡུན་དང་སྐྱེལ་འདྲེན་ལམ་ཐིག་ལྟར་ས་མཚམས་ནས་ཁ་དབྲལ་དགོས། 

བཞི། སྲོག་ཆགས་སྐྱེལ་འདྲེན་བྱེད་པར་རིམས་འགོག་ཞིབ་བཤེར་ཚད་ལོན་ལག་ཁྱེར་མེད་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་སྐྱེལ་འདྲེན་སྡེ་ཚན(མི་སྒེར)དང་སྐྱེལ་འདྲེན་རླངས་འཁོར་གྱི་ཐོ་འགོད་རྒྱུ་ཆ་མེད་ལ། བླང་བྱ་ལྟར་སྒོ་ཕྱུགས་དང་ཁྱིམ་བྱའི་མཚོན་རྟགས་སྦྱར་མེད་ཚེ། སྲོག་ཆགས་ཀྱི་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་གནས་སའི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་བསྟར་གྱི་ལས་ཁུར་འཁུར་བའི་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས》ལྟར་ཐག་གཅད་དགོས་པ་དང་། སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཧུར་ཐག་ངང་གཞོགས་འདེགས་བྱ་དགོས།

ལྔ། གོང་གསལ་དམིགས་འཛུགས་རྒྱུ་ལམ་ཞིབ་བཤེར་ས་ཚིགས་ཀྱི་ཆེད་སྤྱོད་རྟགས་ཐམ་མེད་པར་སྲོག་ཆགས་ནང་འདྲེན་བྱས་པའི་རིགས་དེ། རང་ཞིང་གི་སྲིད་འཛིན་མངའ་ཁོངས་ནང་གི་སྡེ་ཚན་དང་མི་སྒེར་གང་རུང་གིས་དང་ལེན་བྱེད་མི་ཆོག ཁྲིམས་འགལ་སྒྲིག་འགལ་གྱིས་སྐྱེལ་འདྲེན་ནམ་དང་ལེན་བྱས་ཚེ། ས་གནས་དེ་གའི་ཞིང་ལས་ཞིང་སྡེའི་ཕྱོགས་བསྡུས་ཁྲིམས་བསྟར་གྱི་ལས་ཁུར་ཁུར་བའི་ལས་ཁུངས་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྲིམས་བསྟར་ལས་ཁུངས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་ཁྲིམས་བཞིན་ཐག་གཅོད་བྱ་དགོས། ཉེས་གསོག་གི་དོགས་གཞི་ཡོད་ཚེ། སྤྱི་བདེ་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱ་དགོས། 

དྲུག རྫོང་རིམ་པའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཞིབ་བཤེར་ས་ཚིགས་སུ་མི་སྣའི་སྟོབས་ཤུགས་འཛོམས་པོ་བཀོད་སྒྲིག་བྱས་ཏེ། གཞུང་ལམ་གྱི་སྲོག་ཆགས་ཀྱི་རིམས་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་འཛུགས་སྐྲུན་དང་འཁོར་སྐྱོད་འགན་སྲུང་གི་བྱ་བ་ཡག་པོ་བསྒྲུབ་དགོས། དགོས་ངེས་བྱུང་ཚེ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་བླངས་ཏེ། གནས་སྐབས་རང་བཞིན་གྱི་སྲོག་ཆགས་ཀྱི་རིམས་འགོག་ཞིབ་བཤེར་ས་ཚིགས་བཙུགས་ནས་ལྟ་སྐུལ་ཞིབ་བཤེར་གྱི་ལས་འགན་ལག་བསྟར་བྱེད་ཆོག 

བདུན། ཁྱབ་བརྡ་འདི2026ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་སྟེ་ལག་ཏུ་བསྟར་དགོས་ཤིང་། གོ་ཆོད་དུས་ཡུན་ནི2031ལོའི་ཟླ2པའི་ཚེས28ཉིན་བར་ཡིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2021ལོའི་ཟླ3པའི་ཚེས19ཉིན་ཁྱབ་བསྒྲགས་བྱས་པའི《དམིགས་འཛུགས་གཞུང་ལམ་གྱི་སྐྱེལ་འདྲེན་ལམ་མདོ་ནས་སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་སྐོར་གྱི་ཁྱབ་བརྡ》(མཚོ་སྲིད﹝2021﹞ཨང17པ)དུས་མཚུངས་སུ་མེད་པར་བཟོ་དགོས། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2026ལོའི་ཟླ1པོའི་ཚེས22ཉིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།