ཟླ5ཚེས22ཉིན། མཚོ་སྔོན་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་དོན་ཁང་དང་། ཞིང་ཆེན་གནོད་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་གྱིས་བརྡ་ཐོ་པར་འགྲེམས་བྱས། ཚེས22ཉིན་ནས་ཆུ་འབྲུབ་མཇུག་འགྲིལ་བའི་བར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ2026ལོའི་ཆུ་འབྲུབ་སྔོན་གྱི་བདེ་འཇགས་ལ་ཞིབ་བཤེར་ཆེན་མོ་བྱ་རྒྱུ་ཞེས་བསྒྲགས་ཡོད་པ་རེད།
ཐེངས་འདིའི་ཞིབ་བཤེར་ཆེན་མོས《མཚོ་སྔོན་ཞིང་ཆེན་གྱི་འབྲུབ་འགོག་ཉེན་གཡོལ་གྱི“ལྔ་ཅན་ལྔའི”ལས་དོན་བཅའ་ཁྲིམས》དེ་སྤྱིའི་འཛིན་ཐག་ཏུ་བཟུང་སྟེ། འགན་འཁྲི་དང་། གྲལ་བཤེར། སྤོ་སྒྱུར། དོ་དམ་ཚོད་འཛིན། འགན་ལེན་བཅས་ལས་རིམ་ལྔ་ལ་དམིགས་ནས་ས་གནས་སོ་སོའི་འབྲུབ་འགོག་ལམ་ལུགས་དོན་འཁྱོལ་དང་། སྔོན་ཇུས་ལག་བསྟར། ནུས་པ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་རེད། ས་ཁུལ་སོ་སོས་ཁྱོན་ཡོངས་ནས་རང་བཤེར་དང་། ལས་རིགས་དང་ཆེད་ལས་ཀྱིས་གྲལ་བཤེར། ཞིང་ཆེན་རིམ་པས་ཡུལ་དངོས་ལྟ་སྐུལ་མཛུབ་ཁྲིད་བཅས“ཕྱོགས་གསུམ་གཞི་གཅིག”གི་བྱེད་སྟངས་སྤྱད་དེ། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་རིམ་པ་ལྔའི་འགན་ལེན་གྱི་འགན་འཁྲིའི་མ་ལག་གིས་འགན་འཁྲིའི་འབྲེལ་ཐག་འབྲོག་ཁུལ་གྱི་རྩྭ་ར་དང་། འབྲོག་པའི་གནས། ཐག་རིང་ལུང་ཁུག་གི་གྲོང་ཚོ་སོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱ་རྒྱུ་རེད།
ཞིབ་བཤེར་ཆེན་པོ་དེ་ཆུ་བེད་ལས་གྲྭ་དང་། ཆུ་ལོག་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཡོད་ས། གྲོང་ཁྱེར་ནང་ཁུལ་གྱི་ཞོད་སྐྱོན། འགྲོ་ལམ་འགྲིམ་འགྲུལ། གཏེར་རི། ཉེན་ཡོད་རྫས་འགྱུར་དངོས་རྫས། འཛུགས་སྐྲུན་ལས་སྐྲུན། མང་ཚོགས་འདུས་ཡུལ། རྒན་གསོ་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ཁྱབ་ཁོངས་སུ་དམིགས་ཏེ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་མཐའ་འཁྱོངས་དང་། སྔོན་ཇུས་ནང་སྦྱོང་དང་ལྟ་ཞིབ་ཚད་ལེན། སྔོན་བརྡ། ། “བརྡ་གཏོང་བ”ནས“ལེན་པའི”ལམ་སྲོལ། ཉེན་གཡོལ་སྤོ་སྒྱུར། དངོས་ཟོག་དཔུང་ཁག་འགན་ལེན་ལ་སོགས་ཀྱི་འགག་རྩའི་ལས་རིམ་གཟེངས་སུ་བཏོན་ནས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་། མ་ལག་ལེགས་སྒྲིག གནོད་འཚེའི་ཉེན་ཁ་སྣ་ཚོགས་དབྱེ་འབྱེད་གནད་ལ་འཁེལ་བར་ལ་ཤུགས་བསྣན་རྒྱུ།
ཞིང་ཆེན་རིམ་པའི་ངོས་ནས་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚན་ཆུང8བཙུགས་ནས། གཙོ་གནད་ཁོངས་མིའི་ལས་ཁུངས་ཀྱི་ཐིང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ“མི་འདྲ་བ་བཞི་དང་ཐད་ཀར་གཉིས”དང་མངོན་གསལ་ཞིབ་བཤེར་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཆུ་འབྲུབ་དུས་སྐབས་སུ་འཐབ་ཕྱོགས་དང་པོར་བསྐྱོད་དེ་རྫོང་སོ་སོ(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)ཚང་མར་ཁྱབ་པ་མ་ཟད། རོང་འབྲོག་ཁུལ་དང་། ཉེན་ཁ་ཆེ་བའི་ས་ཁོངས། ཉམས་ཞན་ས་ཁུལ་བཅས་སུ་གཙོ་གནད་དུ་འཛིན་དགོས། ཞིང་ཆེན་འབྲུབ་འགོག་གཞུང་དོན་ཁང་གིས“ས་གནས་གཅིག་ལ་བྱེད་ཐབས་གཅིག”གི་རྣམ་པའི་ཐོག་ནས། ས་གནས་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོར་གནད་དོན་གྱི་གསལ་ཐོ་སྐྱེལ་རྒྱུ་དང་། གདུབ་ཟུམ་དག་ཐེར་ཡོ་བསྲང་འཛུགས་པ། རྩིས་ཐོ་ཞིབ་བསྡུར་དང་གནོད་སེལ་ལམ་སྲོལ་བཙུགས་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་མྱུ་གུ་འབུས་མ་ཐག་དང་གནོད་འཚེ་མ་བྱུང་སྔོན་ལ་ཐག་གཅོད་བྱེད་དགོས།