ཚེ་འདིའི་བདེ་སྐྱིད་རྣམ་བཞི། འདི་ལས་གཅིག་ལྡན་ན་ཡང་བདེ་སྐྱིད་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

1
ལུས་ལ་ན་ཚ་མེད་པ།
མི་ཚེའི་འཚོ་བ་རོལ་སྟངས་ཅི་རིགས་མཆིས་མོད། མི་སོ་སོས་རང་རང་གི་དགའ་མོས་དང་གདམ་ག་ནང་བཞིན་འཚོ་བ་རོལ་བཞིན་ཡོད།  དེ་ལྟ་ནའང་ཡོད་ཚད་བདེ་ཐང་ལ་རག་ལས་ཤིང་། ཡོད་ཚད་ཀྱི་རྩ་བ་ཡང་བདེ་ཐང་ཡིན།
བདེ་ཐང་ཡོད་ན་ད་གཟོད་ལུས་ཤུགས་དང་སེམས་ཤུགས་གང་ཡོད་ཀྱིས་རང་གིས་བསྒྲུབ་འདོད་པའི་བྱ་བ་ཅི་ནུས་ཀྱིས་བསྒྲུབ་ཆོག་ལ། ལུས་ལ་ན་ཚ་མེད་ན་ཚེ་འདིའི་བདེ་སྐྱིད་ཡིན།
    ལུས་ལ་ན་ཚ་བྱུང་རྗེས་ད་གཟོད་བདེ་ཐང་གལ་ཆེན་དུ་རྟོགས་པར་མི་བྱ་བར་དུས་ད་ལྟ་ནས་བཟུང་སྟེ། ཟས་གང་བཟང་བསྟེན། གཉིད་དྲོ་དྲོ་བྱོས།  སྦྱོང་བརྡར་མང་ཙམ་གནོངས་དང་།  ལུས་ལ་ན་ཚ་མེད་ན་ཡོད་ཚད་རང་བཞིན་གྱིས་འགྲུབ་ངེས་རེད།

2

 

སེམས་ལ་སྡུག་བསྔལ་མེད་པ།

མི་ཞིག་གི་ཆེས་སྤྲོ་བའི་དུས་ནི་སེམས་ལ་སྐྱོ་སྣང་མེད་པ་དེ་ཡིན།  སེམས་སུ་དོན་ཆེ་རགས་མ་ཉར་ཚེ། སྣང་སྐྱིད་བག་ཕེབས་ཡོང་བ་ཡིན།

མཚམས་རེར་ཐང་ཆད་པའི་ཚོར་བ་བྱུང་ཚེ་ལུས་པོས་མ་ལྕོགས་པ་ཁོ་ན་མ་ཡིན་པར་སེམས་གཅོང་ལ་རག་ལས།
འདས་ཟིན་པའི་དོན་དག་གང་ཞིག་འདོར་མི་ཐུབ་ཅིང་། འདང་མི་ཕོག  བློས་མི་ཆོད།   བརྗེད་མི་ཐུབ་པར་ནམ་ཞར་རང་ཉིད་སྡུག་ལ་གཏད་ན།  བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཇི་ལྟར་བསྐྱལ་ཐུབ་བམ།
དཔྱིད་ཀྱི་མེ་ཏོག་སྟོན་ཁའི་དུང་ཟླ་དང་།  དབྱར་གྱི་བསིལ་རླུང་དགུན་གྱི་ཁ་བ་བཞིན།   སེམས་ནི་དོན་མེད་འཁྲེང་བ་དང་བྲལ་ཚེ། དེ་ནི་མི་ཡུལ་སྒེག་པའི་དཔལ་དུ་འཆེས། གལ་ཏེ་ཁྱོད་ཀྱིས་སེམས་ཀྱི་སྡུག་བསྔལ་སྤངས་ ནས་མིག་མདུན་གྱི་དོན་ལ་རྩེ་གཅིག་གཞོལ་ཚེ། འཚོ་བ་ནི་ཐོ་རེངས་བཞིན་གསལ་ཡོང་ལ།  རང་ཉིད་ཀྱང་སྣང་སྐྱིད་བག་ཕེབས་ཐུབ།

3


མི་ཚེ་སྐྱ་ཡ།
ཚེ་འདིར་ཆེས་བདེ་སྐྱིད་ལྡན་པ་ནི་གམ་དུ་སྐྱ་ཡ་ཡོད་ལ་མགོ་སྐྲ་དཀར་བོ་འགྱུར་བའི་གོ་རིམ་ལས་མ་འདས།
སྐྱ་ཡ་ཡོད་ན།  སེམས་ལ་བརྩེ་བས་ཁེངས་ཡོང་། དེ་ནི་དུས་ཀྱིས་འཇལ་ཐབས་མེད་པའི་དྲོད་ཁོལ་ཅིག་ཡིན།  ང་ཚོས་མཉམ་དུ་བྱ་བ་ཙག་ཙིག་རེ་སྒྲུབ་བཞིན་མི་ཚེ་ཞིག་གི་འགག་འཕྲང་རེ་རེ་བརྒལ་ཞིང་།  ཆུ་ཡི་ངང་མོ་བཞིན་སྐྱིད་སྡུག་རེས་མོས་ཀྱིས་མཉམ་དུ་མི་ཚེ་བཤུལ་ལམ་བསྐྱལ།
སེམས་སུ་བརྩེ་བས་གཏམས་པས་ཉིན་རེའི་འཚོ་བར་རེ་ཞིང་སྒུག གལ་ཏེ་ཁྱེད་ལ་དེ་ལྟ་བུའ་མི་ཚེ་སྐྱ་ཡ་ཞིག་ཡོད་ན།  ངེས་པར་དུ་འགྲིག་པོ་མཐུན་པོ་གནང་རོགས།
 

4 
དགའ་ཞེན་གྱིས་ཁེངས་པ།

 དགའ་ཞེན་ཟེར་བ་ནི་རང་གིས་སྒྲུབ་འདོད་ཅིང་དེ་ཕྱོགས་ལ་བློས་གཏོང་ཐུབ་པ་མ་ཟད། དཀའ་ཚེགས་ཇི་འདྲ་ཆེ་ཞིང་ཀྱག་ཀྱོག་ག་འདྲ་ཆེ་ཡང་བག་མི་ཚ་བར་དེ་ལ་སྙེག་ཅིང་གདོང་གཏད་ཐུབ་པ་ཞིག་ལ་ཟེར།
དགའ་ཞེན་ཡོད་ན་ཁྱེད་ལ་ད་གཟོད་ཟམ་མི་ཆད་པའི་སྒུལ་ཤུགས་ཡོད་སྲིད།  དམིགས་འབེན་མངོན་འགྱུར་གྱི་གོ་རིམ་དཀའ་ཚེགས་ཆེ་ཞིང་། དེ་མ་ཉིད་དུ་གྲུབ་འབྲས་མིག་ཐོག་ཏུ་མི་ཤར་ལ།   དེ་ཉིད་འགྲུབ་པའི་དུས་ཡུན་ཧ་ཅང་རིང་ན་ཡང་།  ཁྱེད་ཀྱིས་སྤོབས་པ་དང་སྙིང་རུས། སྟོབས་ཤུགས་ཡོད་ཚད་དེའི་ཕྱོགས་སུ་བསྟིམས་ནས། ཧུར་ཐག་འབད་ཐག་གིས་དཀའ་སྡུག་རེ་རེ་ཁྱད་དུ་བསད་དེ་འགྲུབ་ཐབས་བྱ་ངེས།  རྒྱུ་མཚན་ནི་ལས་གང་དེས་ཁྱེད་ཀྱི་འདོད་བློ་ཚིམ་པར་བྱེད་པས། ཁྱེད་ཀྱིས་དེའི་ཆེད་དུ་སེམས་ཤུགས་ཡོད་རྒུ་བཏོན་ནས། ཕངས་སེམས་མེད་པའི་གྲུབ་འབྲས་ཤིག་ལོན་པར་འབད་ངེས་སོ།།

 

མི་ཚེའི་ནང་ངེས་པར་དུ་ཧ་ལས་ཤིང་ཧང་སངས་པའི་དོན་དག་ནི་མེད་ཀྱང་ཆོག་སྟེ།   རང་ཉིད་དགའ་ཞེན་ཆེ་བའི་བྱ་བ་ཕྲན་ཙམ་གྱིས་ཀྱང་ལོ་ཟླའི་བཞུར་རྒྱུན་རིང་མོ་ཟིལ་གྱིས་གནོན་ཐུབ།

མི་ཚེ་ཡི་བདེ་སྐྱིད་རྣམ་བཞི་ལས་གཅིག་ལྡན་ན་ཡང་སྐྱིད་ཅིག་ཡིན་པས།  ཁྱེད་ཀྱི་སེམས་ལ་བརྩེ་པས་ཁེངས་ཤིང་། མིག་ལ་འོད་མདངས་མཁྱིལ་བཞིན་རང་གི་འདོད་པ་ཇི་བཞིན་འཚོ་བ་རོལ་ཐུབ་པར་སྨོན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།