ཟླ5པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་ཁེ་ལས་ཀྱི་རྩིས་དངུལ་ཆད་དངུལ་གཙང་སེལ་བྱེད་པ། ནོར་སྲིད་དང་དངུལ་རྩའི་མཉམ་འགུལ་ཟབ་སྤེལ་བྱེད་པ། འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རྩྭ་སའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་སྟེང་དངོས་གནས་གཅིག་གྱུར་ཡོང་བར་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། དཔལ་འབྱོར་བརྟན་པོའི་ཁྲོད་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་ཁྱད་སྟོབས་ཁྱབ་ཁོངས་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་རྨང་གཞིའི་ཞིབ་འཇུག་གི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གསར་གཏོད་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་དང་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་ཞུགས་པ་དང་ཞབས་འདེགས་ཧུར་ཐག་བྱས་ནས། རེས་སྐོར་གསར་པའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་འཕེལ་རྒྱས་ཀྱི་ནུས་རིམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཙོ་གནད་ཆེད་དོན་འཆར་འགོད་ཀྱི་སྒྲིག་ལུགས་ཇེ་མགྱོགས་སུ་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་དང་མི་གྲངས་འཕེལ་རྒྱས། སློབ་གསོ་བཅོས་སྒྱུར་སོགས་གཙོ་གནད་ལས་འགན་ལ་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་སྲུང་བྱེད་པའི་སྲོལ་ཡིག》ལག་བསྟར་ནན་མོ་བྱས་ཏེ། ནོར་སྲིད་དང་དངུལ་རྩ་སོགས་སྲིད་ཇུས་ཀྱི་ལག་ཆ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས། ཁེ་ལས་ཀྱི་རྩིས་དངུལ་ཆད་འགྱངས་བྱས་པ་དག་གཙང་སེལ་བྱེད་པར་མགྱོགས་མྱུར་ཤུགས་སྣོན་དགོས། ས་གནས་ནོར་སྲིད་ཁ་གསབ་ཀྱི་བཀག་རྒྱའི་གསལ་ཐོ་དང་བསྡུར་ནས་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཚད་ལྡན་དོ་དམ་བྱ་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ནན་མོ་བྱ་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གཙོ་གནད་ལ་དམ་པོར་དམིགས་ཏེ། སྐུལ་འདེད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་གཅིག་འདོམས་ལ་ཤུགས་སྣོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱིས་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》དང《ནོར་སྲིད་དང་དངུལ་རྩའི་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་ཤུགས་བསྣན་ཏེ་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་སྦྱོར།》《མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གི་འཚོ་བའི་གད་སྙིགས་དང་། མཁར་གྲོང་གི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི།》《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་ཉམས་གསོ་དང་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་བྱ་བའི་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། མཚོ་སྔོན་གྱི་ཞབས་ཞུའི་སྤུས་རྟགས་བསྐྲུན་རྒྱུར་ཤུགས་སྣོན་པ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་རྩེ་རིམ་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དང་སྟབས་བདེ་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་མཉམ་འགུལ་ཕན་འབྲས་སྔར་ལས་ལྷག་པའི་འདོན་སྤེལ་བྱེད་པ་དང་། སྲིད་ཇུས་དོན་འཁྱོལ་དང་ལག་བསྟར་གྱི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། སྲིད་ཇུས་ལག་བསྟར་ཉེན་ཁའི་འཛིན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཁྲོམ་རའི་སྔོན་དཔག་བརྟན་པོ་དང་ནང་མཁོའི་བག་ཤུགས་སྐུལ་སློང་བྱ་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བ་གཏིང་ཟབ་སྒོས་ཇེ་ལེགས་སུ་གཏོང་བ་དང་། འཚོ་བའི་གད་སྙིགས་ཀྱི་བཙོག་ཆུའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། འཚོ་སྡོད་ཁོར་ཡུག་གི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་བཅས་བྱ་དགོས། རྩྭ་ཐང་བཅོས་སྐྱོང་ས་ཁོངས་ཀྱི་ཞན་འགྱུར་མ་གྲངས་ཕྱོགས་ཡོངས་ནས་གསལ་པོར་རྟོགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ། དོ་དམ་སྲུང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྩྭ་ཐང་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་ཕྱོགས་བསྡུས་བྱེད་ནུས་མུ་མཐུད་དུ་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་བཟོ་སྐྲུན་གྱི་འགྲོ་གྲོན་དོ་དམ་བྱེད་ཐབས》ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། གོ་རིམ་ལྟར་ཁྱབ་བསྒྲགས་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།