མཚོ་སྔོན་ནས་ཝེ་ཐེ་ནམ་བར་ཁིལ་འདུས་ཁ་སིན་རྒྱལ་སྤྱིའི་ལྕགས་ལམ་གྱི་མྱུར་ལམ་ཐོག་བསྐྱོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས12ཉིན། མཚོ་བོད་ལྕགས་ལམ་ཟོང་འགྲུལ་ལྟེ་གནས་ཁྲ་འར་ཧན་ཟོང་འགྲུལ་ལས་གཉེར་པུའུ་ཡིས་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག་བརྒྱུད་དེ་རྒྱལ་སྤྱིའི་དངོས་ཟོང་ཕྱིར་གཏོང་མཉམ་འདྲེན་གྱི་ཐོག་མའི་མཛད་སྒོ་བསྡུས། སྐོར་ཐེངས་དང་པོའི་ཁིལ་འདུས་ཁ་སིན་བླུགས་པའི་ཟོང་འདྲུད་རླངས་འཁོར6ས་ཚིགས་སུ་འབྱོར་བ་དང་རྒྱལ་སྤྱིའི་ལྕགས་ལམ་གྱི་ཕྱིར་གཏོང་མཉམ་འདྲེན་རྣམ་པའི་ཐོག་ནས་ཝེ་ཐེ་ནམ་དུ་བཏང་། བརྒྱུད་རིམ་ཧྲིལ་པོའི་ཟོང་འགྲུལ་མུ་ཕྲེང་ཆོད་ཆེ་སྦྲེལ་མཐུད་ཐུབ་ནས་ཕྱི་ཕྱོགས་ཉོ་འཚོང་གི་དངོས་ཟོང་རྒྱལ་ཁོངས་བརྒལ་བའི་སྐྱེལ་འདྲེན་བརྟན་ལ་སྟབས་བདེ་བའི་ཆེད་གཏོགས་བགྲོད་ལམ་བསྐྲུན་ཡོད།

ཁིལ་འདུས་ཁ་སིན་ནི་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཁྲོམ་རའི་དགོས་མཁོ་རྒྱ་ཆེ་ལ། ཐེངས་འདིའི་མཚོ་བོད་ལྕགས་ལམ་ཟོང་འགྲུལ་ལྟེ་གནས་ཀྱིས་རང་ངོས་ཀྱི་ཁྲ་འར་ཧན་ཆེད་སྤྱོད་ལམ་ཐིག་སྐྱེལ་འདྲེན་གྱི་དགེ་མཚན་ལ་བརྟེན་ནས། ཝེ་ཐེ་ནམ་དུ་ཐད་གཏོང་གི་ས་ཚིགས་ནས་ས་ཚིགས་བར་དང་རྒྱལ་སྤྱིའི་ལྕགས་ལམ་གྱི་ཕྱིར་གཏོང་མཉམ་འདྲེན་བགྲོད་ལམ་ཤར་གཏོང་ཐུབ་པ་དེས་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ་རྒྱལ་ཁོངས་བརྒལ་བའི་སྐྱེལ་འདྲེན་གྱི་ཟོང་འགྲུལ་དགོས་མཁོ་ནུས་ལྡན་ངང་ཐག་གཅོད་ཐུབ་པ་མ་ཟད། དངོས་ཟོང་རྒྱལ་ཁོངས་ལས་བརྒལ་ནས་འཁོར་རྒྱུག་བྱེད་པའི་ལས་ཆོད་སྔར་བས་ཆེ་རུ་ཕྱིན་པ་དང་། ཕྱོགས་བསྡུས་སྐྱེལ་འདྲེན་གྱི་མ་རྩ་ཇེ་དམའ་རུ་ཕྱིན་ནས་ས་གནས་དེ་གའི་བཟོ་ལས་ཐོན་རྫས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་པར་ཐབས་ལམ་གསར་པ་བཏོད། འདི་ཡང་མཚོ་བོད་ལྕགས་ལམ་ཟོང་འགྲུལ་ལྟེ་གནས་ཀྱིས་རྒྱལ་སྤྱིའི་ཟོང་འགྲུལ་ལས་སྒོ་ཟབ་སྤེལ་དང་རྒྱལ་ཁོངས་བརྒལ་བའི་མཉམ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། མཚོ་བོད་ལྕགས་ལམ་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་གཉིས་ཀྱི་ཟོང་འགྲུལ་སྐྱེལ་འདྲེན་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས། ཆེད་ལས་ཅན་དང་སྣ་མང་ཅན་གྱི་རྒྱལ་ཁོངས་བརྒལ་བའི་ཟོང་འགྲུལ་ཞབས་ཞུའི་ནུས་པ་མངོན་ཡོད།

ཁིལ་འདུས་ཁ་སིན་རྒྱལ་སྤྱིའི་ལྕགས་ལམ་ཕྱིར་གཏོང་མཉམ་འདྲེན་ཐོག་མ་ལེགས་གྲུབ་བྱུང་ནས་རྗེས་མཐུད་ཀྱི་རྒྱལ་ཁོངས་བརྒལ་བའི་དངོས་ཟོང་རྒྱུན་རྣམ་ཅན་གྱི་སྐྱེལ་འདྲེན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། མཚོ་བོད་ལྕགས་ལམ་ཟོང་འགྲུལ་གྱིས་རྒྱལ་སྤྱིའི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ལས་སྒྲུབ་བརྒྱུད་རིམ་མུ་མཐུད་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ་དང་། ཟོང་འགྲུལ་སྦྲེལ་མཐུད་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ས་ཚིགས་ནས་རྒྱལ་ཁོངས་བརྒལ་བའི་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་རྒྱུ། ཕྱི་རྒྱལ་གྱི་ཟོང་འགྲུལ་བགྲོད་ལམ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས། རིགས་སྣ་ཚོགས་ཀྱི་བཟོ་ལས་མ་བཅོས་རྒྱུ་ཆ་དང་ཕྱི་ཕྱོགས་ཉོ་འཚོང་གི་ཐོན་རྫས་ཆོད་ཆེ་ངང་ཕྱི་རྒྱལ་དུ་བསྐྱོད་རྒྱུར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།