ཚན་རིག་ཤེས་བྱ་ཁྱབ་གདལ་དང་ཚན་རིག་སྙིང་སྟོབས་དར་སྤེལ། ཚན་རིག་བསམ་བློ་ཁྱབ་སྤེལ། གསར་གཏོད་གྲུབ་འབྲས་འགྲེམ་སྟོན་བཅས་བྱས་ནས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་སྔར་ལས་ཇེ་མཐོར་གཏོང་ཆེད། ཟླ5པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དེ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་སྤེལ་འགོ་བརྩམས།
ཐེངས་འདིའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཚན་རྩལ་གྱི་ལེའུ་གསར་པ་འབྲི་ཞེས་པ་བརྗོད་དོན་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་རིམ་སྤོར། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོའི་ཞབས་ཞུ་སོགས་ལྟེ་བའི་ཁྱབ་ཁོངས་ཁག་ལ་དམ་པོར་དམིགས་ཏེ། ཁྱད་ཆོས་ལྡན་པའི་བརྗོད་དོན་འགྲེམ་ཁུལ་ཆེན་པོ་དྲུག་ཞིབ་ཚགས་སྒོས་བཀོད་སྒྲིག་བྱས་ནས། དབྱིངས་ཞུགས་རྣམ་པ་དང་མཉམ་འགུལ་གྱི་རྣམ་པ། ཉམས་ལེན་རྣམ་པ་བཅས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་སྟངས་སྤྱད་དེ། མདུན་གྲལ་དུ་གནས་པའི་ཚན་རྩལ་དེ་ཉིད་ཚོད་ལྟ་ཁང་ནས་དངོས་སུ་ཐོན་པར་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཁྱབ་པར་བྱས་ཏེ། མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་དང་གསོན་ཤུགས་གསར་པ། མཐོ་ཚད་གསར་པ་བཅས་ཀུན་གྱི་མཐོང་ལམ་དུ་སྒོ་དུ་མ་ནས་མངོན་པར་བྱས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚན་རྩལ་གྲུབ་འབྲས་གལ་ཆེན་འགྲེམ་ཁུལ་དུ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་གི་མཁྲེགས་གཏོར་གྲུབ་འབྲས་མངོན་པ་དང་། ཚྭ་མཚོའི་རིན་ཐང་མཐོ་བའི་བེད་སྤྱོད་དང་དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱས་པའི་ཕན་འབྲས་གཅིག་སྡུད་སྒོས་འགྲེམ་སྟོན་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་འགྲེམ་ཁུལ་གྱིས་དབྱིངས་ཞུགས་རྣམ་པ་ཡི་ངོས་ནས་མཉམ་འགུལ་ཚན་རིག་ཁྱབ་གདལ་བྱེད་སྟངས་གསར་གཏོད་དང་བེད་སྤྱོད་བྱས་ཏེ། སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་འདེགས་སྐྱོར་གསལ་འགྲེལ་བྱས། མཐོ་སྒང་ཚེ་སྲོག་བདེ་ཐང་ཚན་རིག་ཁྱབ་གདལ་འགྲེམ་ཁུལ་གྱིས་ས་གནས་དེ་གའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ཉམས་ལེན་དང་གཅོང་ནད་ཀྱི་བདེ་ཐང་བློ་འདྲི། མཐོ་སྒང་ཁམས་གསོ་ཚན་རིག་ཁྱབ་གདལ་སོགས་སྣ་མང་ཞབས་ཞུའི་རྣམ་པ་བཙུགས་ནས། མཐོ་སྒང་གི་བདེ་ཐང་འགོག་སྲུང་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཁྱད་ལྡན་ཁམས་གསོའི་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་བཏང་ཡོད། སྤྱི་པའི་བདེ་འཇགས་ཚན་རིག་ཁྱབ་གདལ་འགྲེམ་ཁུལ་གྱིས་གནོད་འགོག་གནོད་འཕྲི་དང་འཕྲལ་བསྟུན་ཉེན་གཡོལ། དུག་འགོག་སོགས་ཚན་རིག་ཁྱབ་གདལ་གྱི་ནང་དོན་དམ་ཟབ་དང་འབྲེལ་ཏེ། མེ་ཟོན་རོགས་སྐྱོབ་དང་གནོད་འཚེ་འགོག་ཟོན་སོགས་ཀྱི་ལད་ཟློས་ཉམས་ལེན་རྣམ་པ་གསར་གཏོད་བྱས་ནས། མཐོང་རུང་ཅན་དང་དངོས་སྤྱོད་ཅན་གྱི་མཉམ་འགུལ་ཉམས་ལེན་བརྒྱུད། མང་ཚོགས་ལ་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བ་དང་བདེ་འཇགས་ཐོན་སྐྱེད། འཕྲལ་བསྟུན་རང་སྐྱོབ་རེས་སྐྱོབ་སོགས་ཀྱི་དངོས་སྤྱོད་ཤེས་བྱ་ཁྱབ་གདལ་བཏང་། གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་འགྲེམ་ཁུལ་གྱིས་སྤྲོ་སྣང་ལྡན་པའི་ཚན་རིག་ཁྱབ་གདལ་དང་ཚན་རྩལ་གསར་གཏོད་ཀྱི་བློ་སྒོ་འབྱེད་པ་གཙོ་བོར་བྱས་ཏེ། AIབྱ་རིམ་སྒྲིག་པ་དང3Dཔར་འདེབས། སྤྲོ་སྣང་ལྡན་པའི་ཚན་རིག་ཚོད་ལྟ་སོགས་ཚན་རིག་གསར་གཏོད་རྣམ་གྲངས་ཞིབ་ཚགས་བཏོད་ནས། སློབ་གསོ་རོལ་རྩེད་དང་མཉམ་དུ་འདྲེས་པར་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ཚན་རིག་འཚོལ་ཞིབ་ཀྱི་སྤྲོ་སེམས་དང་གསར་གཏོད་ཀྱི་བསམ་གཞིགས་ལ་སྐུལ་སློང་བྱས། ཚན་རིག་ཁྱབ་གདལ་འཆད་ཁྲིད་ཆེད་ཁུལ་གྱིས་ཞིང་ཆེན་ནང་ཁུལ་གྱི་ཕུལ་བྱུང་རང་ཡུལ་གྱི་ཚན་རིག་ཞིབ་འཇུག་ཆེད་མཁས་པ་གདན་དྲངས་ནས། ཡུལ་དངོས་ནས་སློབ་ཁྲིད་བྱས་ཏེ། མདུན་གྲལ་དུ་གནས་པའི་ཚན་རིག་ཞིབ་འཇུག་གྲུབ་འབྲས་མཉམ་སྤྱོད་དང་ལས་རིགས་འཕེལ་རྒྱས་འགྲོ་ཕྱོགས་གསལ་འགྲེལ། ཡུལ་དངོས་དང་པོའི་ཚན་རིག་ཞིབ་འཇུག་གཏམ་རྒྱུད་བཤད་པ་བཅས་བྱས་ནས། ཕན་ཚུན་ཁ་གཏད་ཀྱི་བསམ་བློ་བརྗེ་རེས་རྣམ་པའི་ཚན་རིག་ཁྱབ་གདལ་གྱི་སྦྲེལ་ཟམ་བསྐྲུན།