ཟླ5པའི་ཚེས21ཉིན། ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས“མཚོ་སྔོན་རིམ་འདས་མཉམ་འགྲན་ལ་བརྟེན་ནས་ཟི་ལིང་དུ་ཡུལ་སྐོར་བྱེད་པའི”ཡུལ་སྐོར་ལམ་ཐིག་རྩེ་གྲ་གསུམ་ཁྱབ་བསྒྲགས་བྱས་ཏེ། རང་བྱུང་མཛེས་ལྗོངས་དང་མི་ཚུལ་རྨང་གཞི། ཁྱད་ལྡན་དམངས་སྲོལ། མཐོ་སྒང་རྐང་གྲུག་འགྲན་བསྡུར་བཅས་ཐབས་མཁས་ཀྱིས་མཉམ་འདྲེས་བྱས་ཏེ། རིག་གནས་ལུས་རྩལ་གྱི་མཉམ་འདྲེས་གཏིང་ཟབ་ཀྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་གྲུག་ཞེན་པ་དང་ཡུལ་སྐོར་བར་གཅིག་འཐུས་རྣམ་པའི་སྤྲོ་གསེང་རོལ་རྩེད་ཀྱི་ཉམས་ལེན་གསར་པ་མྱོང་དུ་བཅུག
“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”གི་རིམ་འདས་མཉམ་འགྲན་སྐབས་གསུམ་པའི་ཚ་རླབས་ལ་བརྟེན་ནས། ཟི་ལིང་གྲོང་ཁྱེར་གྱིས་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་གཅིག་བསྡུས་གང་ལེགས་བྱས་ཏེ། ཁྱད་ལྡན་གྱི་འགྲོ་སྐྱོད་ལམ་ཐིག་འཆར་འགོད་ཞིབ་ཚགས་བྱས་པ་དང་། ཡུལ་སྐོར་འགྲུལ་བཞུད་ཚང་མ་ཡུལ་དངོས་སུ་འགྲན་བསྡུར་ལ་ལྟ་བའི་རིམ་པ་དང་མཐུན་པར་བྱས་ནས། ལུས་རྩལ་འགྲན་བསྡུར་དང་རིག་གནས་ཡུལ་སྐོར་སྤྲོ་གསེང་མཉམ་འགུལ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཐེངས་འདིར་བཏོན་པའི་ཡུལ་སྐོར་ལམ་ཐིག་ལ་ཁྱད་ཆོས་མངོན་གསལ་ལྡན་པ་དང་ཉམས་ལེན་མི་འདྲ་བ་ཡོད་ཅིང་། སྐྱེ་ཁམས་ཀྱི་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས་གཅིག་ཏུ་འདུས་པའི་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་ག་དང་། སྟོང་སྐོར་རྫོང་སྟོང་སྐོར་གནའ་མཁར། ཉི་ཟླ་རི་བོའི་མཛེས་ལྗོངས་ཁུལ། ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དང་དེ་མིན་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་མཛོད་ཁང་བཅས་དང་འབྲེལ་བའི་སྤྲོ་གསེང་ཞིབ་འཇུག་སློབ་སྦྱོང་ལམ་ཐིག་ཡོད་པས། ཡུལ་སྐོར་བར་ས་ཁོངས་འཕེལ་རྒྱས་དང་རང་བྱུང་སྐྱེ་ཁམས་ཀྱི་འགུག་ཤུགས་མྱོང་རོལ་བྱེད་དུ་འཇུག་ཐུབ། ཡུལ་སྲོལ་གོམས་གཤིས་དང་ས་གནས་ཀྱི་དམངས་སྲོལ་ལ་དམིགས་ཏེ། ནན་ཀོན་ཞོལ་མའི་ཁྲོམ་གཞུང་དང་། ཡུན་ཀུའུ་ཁྲོན་གྲོང་རྡལ་ཆུང་བ། མུའུ་རུང་གནའ་གྲོང་། སའི་ཐོག་ཁང་སོགས་སུ་བསྐྱོད་དེ། དབྱིངས་ཞུགས་རྣམ་པས་ས་འོག་བགྲོད་ལམ་གྱི་འཚོ་བའི་རྣམ་པ་མྱོང་རོལ་བྱེད་ཐུབ། དེ་དང་ཆབས་ཅིག ད་དུང་མེ་ཏོག་བཞད་པའི་མཛེས་ལྗོངས་དང་མི་ཚུལ་གྱི་གསང་བ་འཚོལ་ཞིབ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། གསའ་ཡི་ཕ་སའི་ཁྲོམ་གཞུང་དང་པོ་སྟེ་གསའ་ཡི་ཁྲོམ་གཞུང་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལའོ་ཡེ་ཧྲན་མཛེས་ལྗོངས་ཁུལ། སྤེན་མ་ལུང་བའི་མེ་ཏོག་གི་ཞིང་ཁམས། མཚོ་སྔོན་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་རྟེན་མཛོད་ཁང་སོགས་ཀྱི་ཁྱད་ལྡན་ལམ་ཐིག་བརྒྱུད་དེ། ཚོགས་སྤྱི་མི་འདྲ་བའི་ཡུལ་སྐོར་གྱི་དགའ་ཕྱོགས་བསྐངས།
ཡུལ་སྐོར་ལམ་ཐིག་གསུམ་པོ་ཚང་མ་ཉིན་གཉིས་ཀྱི་ཡུལ་སྐོར་ལམ་ཐིག་ལ་གཏན་འཁེལ་བྱས་ཡོད་པ་དང་། དེའི་སྐབས་སུ་རང་མོས་ཀྱིས་འགྲན་རར་སོང་ནས“མཚོ་སྔོན་རིམ་འདས་མཉམ་འགྲན”ལ་ལྟ་ཆོག་པས། ཡུལ་སྐོར་བས་དབྱར་ཁའི་བསིལ་ལྡན་གྲོང་ཁྱེར་གྱི་མཛེས་ལྗོངས་རོལ་མྱོང་བྱས་ཆོག་པ་མ་ཟད་ཐག་ཉེ་ས་ནས་རྐང་གྲུག་འགྲན་བསྡུར་གྱི་སྤྲོ་སེམས་མྱོང་རོལ་བྱས་ཆོག ཟི་ལིང་གྲོང་ཁྱེར་གྱིས་ལུས་རྩལ་འགྲན་བསྡུར་དེ་འཕེལ་རྒྱས་ཀྱི་སྦྲེལ་ཐག་ཏུ་བྱས་ནས། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མུ་མཐུད་དུ་རང་ས་གནས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་གསོན་ཤུགས་རྒྱས་སུ་བཅུག་སྟེ། “ཀྲུང་གོའི་བསིལ་ལྡན་གྲོང་ཁྱེར”གྱི་མིང་བྱང་ལ་སྔར་ལས་བཀྲག་མདངས་འཚེར་དུ་བཅུག་ནས། གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཚད་དང་ཡིད་དབང་འགུག་ནུས་ཁྱོན་ཡོངས་ནས་མཐོ་རུ་བཏང་།