མཚོ་བྱང་ཁུལ་གྱིས“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོའི”མུ་འབྲེལ་བྱེད་སྒོ་ཐེངས་སོ་དྲུག་པ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོའི”མུ་འབྲེལ་བྱེད་སྒོ་ཐེངས་སོ་དྲུག་པ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སྤེལ་བ་དང་། བྱེད་སྒོ་ལས“དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་དང་དབང་པོ་སྐྱོན་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ”བརྗོད་དོན་དུ་བྱས་ནས། བྱེད་ཐབས་སྣ་མང་སྤྱད་པ་བརྒྱུད། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བརྩེ་སེམས་བརྒྱུད་སྤྲོད་དང་སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཏེ། དབང་པོ་སྐྱོན་ཅན་གྱི་ལས་དོན་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

བྱེད་སྒོ་སྤེལ་ཡུལ་དུ། བརྩེ་བས་ཞལ་འདེབས་འབུལ་བ་དང་རམ་འདེགས་ཡོ་བྱད་བགོ་སྤྲོད། སྲིད་ཇུས་དྲིལ་སྒྲོག་སོགས་སེམས་ཁམས་དྲོ་བའི་རོགས་སྐྱོར་ཞབས་ཞུ་མང་པོ་སྤེལ། ཞིང་ཆེན་དབང་པོ་སྐྱོན་ཅན་ཀུན་ཕན་ཐེབས་རྩ་ཚོགས་པས་སྒོར་ཆིག་འབུམ་སུམ་ཁྲི་ལྔ་སྟོང་གི་རིན་ཐང་ཡོད་པའི་ཉི་འོད་ནུས་པའི་སྒོ་རའི་གློག་སྒྲོན600དང་། དེ་བཞིན་སྒྲིག་བཀོད་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་དང་། ཁེ་ལས་ཀྱིས་ཁུལ་དང་རྫོང་གི་དམིགས་བསལ་སློབ་གསོའི་སློབ་གྲྭར་སློབ་གོས་ཆ་ཚང150ཞལ་འདེབས་སུ་ཕུལ་བ་དང་། དབང་པོ་སྐྱོན་ཅན224ལ་རིན་ཐང་བསྡོམས་འབོར་སྒོར་ཆིག་འབུམ་བཞི་ཁྲི་བརྒྱད་བརྒྱ་ཡི་གློག་སྒུལ་རྐུབ་འཁོར་དང་ཉན་ཆས་སོགས་རམ་འདེགས་ཡོ་བྱད224གནད་ལ་འཁེལ་བའི་སྒོ་ནས་བགོ་སྤྲོད་བྱས་པ་མ་ཟད། གཅིག་གཏད་གཅིག་གི་སྒོ་ནས་སྙོམ་སྒྲིག་ཚོད་ལྟའི་མཛུབ་སྟོན་བྱས་པ་དང་། རམ་འདེགས་ཡོ་བྱད་འགྲེམ་སྟོན་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་འོས་འཚོང་བྱས། དབང་པོ་སྐྱོན་ཅན་གྱི་དཀའ་ཁག་ཡོད་པའི་ཁྱིམ་ཚང106ལ་འཚམས་འདྲི་བྱས་ཏེ། འཚམས་འདྲིའི་སྒོར་དགུ་ཁྲི་ལྔ་སྟོང་བཞི་བརྒྱ་སྤྲད་པ་དང་། ཕུལ་བྱུང་དབང་པོ་སྐྱོན་ཅན་ལས་བཟོ་པ10ལ་འཚམས་འདྲི་བྱས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་སེམས་སུ་ཚོར་བར་བྱས། ཉིན་དེར་མིན་ཡོན་རྫོང་ཟློས་གར་ཁང་དུ། “2026ལོའི་མཚོ་སྔོན་གྱི་དབང་པོ་སྐྱོན་ཅན་གྱི་རིག་གནས་གཟའ་འཁོར་གྱི་འགོ་རྩོམ་མཛད་སྒོ་དང་། རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོའི་བརྗོད་དོན་རིག་རྩལ་འགྲེམ་སྟོན”བྱེད་སྒོ་སྤེལ།

ད་ཐེངས་ཀྱི་བྱེད་སྒོའི་ཁྲོད། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་འཛུགས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དོན་ལྡན་བྱས་ཏེ། དངོས་ཟོག་རོགས་སྐྱོར་དང་གནད་འཁེལ་ཞབས་ཞུ། རིག་གནས་ནུས་སྩོལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། དབང་པོ་སྐྱོན་ཅན་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ལེགས་པོ་བྱས་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་བརྩི་མཐོང་། བྱམས་སྐྱོང་། རོགས་རམ་བཅས་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་རིམ་བཞིན་བསྐྲུན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།