མིག་སྔར་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་ཁེལ་ཡོད་པ་དང་། ཁྲོམ་རར་རིམ་བཞིན་ཉོ་ཚོང་གི་ཡོ་ལང་རྒྱས་་ཡོད། དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཁོར་ཡུག་གཙང་བཟོ་བྱེད་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ། དབྱར་རྩྭ་དགུན་འབུའི་ཐོན་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཟླ5ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཁྲོམ་ར་དང་གཉེར་སྐྱོང་བྱེད་མཁན་རྣམས་ལ་ཉོ་ཚོང་བྱ་སྤྱོད་ཐད་ཀྱི་བཀག་སྡོམ་དོན་ཚན་བཅུ་གསལ་བསྒྲགས་བྱས་པ་དང་། ཁྲོམ་རའི་རྣམ་པ་སྡུག་པོར་རྡུང་རྡེག་གཏོང་བ་དང་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ། བྱེད་ཐབས་ནན་མོ་སྤྱད་དེ་ཁྲོམ་རའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཡོད།
གསལ་བསྒྲགས་འདིས་གཉེར་སྐྱོང་བརྒྱུད་རིམ་ཧྲིལ་པོ་ནས་འགོ་བརྩམས་ཏེ། གཉེར་སྐྱོང་གི་ཚད་མཐའ་ལས་བརྒལ་མི་ཆོག་པའི་དོན་ཚན་བཅུ་གསལ་པོར་བཀོད་དེ། ལྟ་སྐུལ་དོ་དམ་གྱི་ཟུར་ཁུག་མེད་པར་བཟོས་ཡོད། གཉེར་སྐྱོང་གི་ཐོབ་ཐང་ཐད། དབྱར་རྩྭ་དགུན་འབུ་གཉེར་སྐྱོང་བྱེད་མཁན་ཚང་མས་ཁྲིམས་ལྟར་ཁྲོམ་རའི་གཙོ་གནས་ཐོ་འགོད་དང་ལག་ཁྱེར་མངོན་གསལ་དོད་སར་བཀལ་ནས་གཉེར་སྐྱོང་བྱ་དགོས། རི་སྐྱེས་དབྱར་རྩྭ་དགུན་འབུ་འཚོང་མཁན་ཡིན་ན། འབྲེལ་ཡོད་གཉེར་སྐྱོང་ཁྱབ་ཁོངས་སུ་ཐོ་འགོད་བྱས་ནས་ནགས་ལས་དང་རྩྭ་ཐང་སྡེ་ཁག་གི་ཆོག་མཆན་འཐོབ་དགོས། ཁུལ་བགོས་གཉེར་སྐྱོང་ཐད། མིས་བཟོས་དབྱར་རྩྭ་དགུན་འབུ་དང་རི་སྐྱེས་དབྱར་རྩྭ་དགུན་འབུ་སྒྲོམ་སྟེགས་སོ་སོར་དབྱེས་ནས་བཙོང་བ་དང་། གཅིག་སྡུད་ཉོ་ཚོང་ཁྲོམ་རའི་བཀོད་པ་ལུགས་མཐུན་བྱ་དགོས། རིན་གོང་ལྟ་སྐུལ་དོ་དམ་ཐད། གཉེར་སྐྱོང་པས་རིན་གོང་གསལ་འགོད་དང་མཚོན་རྟགས་ངོ་མ་འགོད་དགོས་ལ། མིས་བཟོས་དབྱར་རྩྭ་དགུན་འབུའི་ཕྱི་ཐུམ་སྟེང་མངོན་གསལ་དོད་པོས་མཚོན་རྟགས་འགོད་དགོས། ཡིད་རྟོན་གཉེར་སྐྱོང་ཐད། ཕྱིར་འཚོང་བྱེད་སྐབས་ཐོན་རྫས་ཀྱི་ངོ་བོ་རང་རྟོགས་ངང་གསལ་སྟོན་བྱ་དགོས་པ་དང་། ཐོན་ཡུལ་དང་བསྡུ་རུབ་ཀྱི་ལོ་ཚིགས་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་མཁོ་འདོན་བྱ་དགོས་པ་མ་ཟད། རྫུན་མ་དང་སྤུས་ཞན་རིགས་ཕྱིར་ཚོང་བྱ་མི་ཆོག ཚོང་གཉེར་དྲིལ་བསྒྲགས་ཐད། ཕན་ནུས་འུད་སྒྲོག་དང་ནད་གཞི་སྨན་བཅོས་དང་འབྲེལ་བ་གཏན་འགོག་བྱེད་དགོས་པ་དང་། དྲིལ་བསྒྲགས་ནང་དོན་ངོ་མ་དང་ཁྲིམས་མཐུན་ཡིན་དགོས།
མཚོན་རྟགས་འགོད་པའི་ཐད། མིས་བཟོས་དབྱར་རྩྭ་དགུན་འབུའི་ཐུམ་སྒྲིལ་སྟེང་རང་བྱུང་དང་རི་སྐྱེས། གངས་ལྗོངས་མཐོ་སྒང་་སོགས་རྫུན་དང་མགོ་སྐོར་རང་བཞིན་གྱི་ཆ་འཕྲིན་འགོད་མི་ཆོག སྤུས་ཚད་བདེ་འཇགས་ཐད་ནས། གཉེར་སྐྱོང་པས་ཉོ་སྒྲུབ་ཞིབ་བཤེར་དང་ལེན་ལམ་ལུགས་འཛུགས་དགོས་པ་དང་། སྤུས་ཞན་དབྱར་རྩྭ་དགུན་འབུ་བཙོང་བ་དང་ལྗིད་ཚད་རྫུན་བཟོ་བྱེད་པའི་བྱ་སྤྱོད་གཏན་འགོག་བྱ་དགོས། ཚད་འཇལ་ལྟ་སྐུལ་དོ་དམ་ཐད་ནས། ཚད་ལྡན་མིན་པ་དང་མགོ་སྐོར་གཏོང་བྱེད་ཀྱི་ཚད་འཇལ་ཡོ་བྱད་སྤྱད་མི་ཆོག དྲ་རྒྱའི་ལྟ་སྐུལ་དོ་དམ་ཐད་ནས། སྤུས་ཞན་གྱིས་སྤུས་ལེགས་ཀྱི་ཚབ་བྱེད་པ་དང་དངོས་ཟོག་དང་མི་མཐུན་པ་སོགས་མེད་པར་བཟོ་དགོས། ཐད་གཏོང་གཉེར་སྐྱོང་པས་ཐོབ་ཐང་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད་ཐད་གཏོང་ཟིན་ཐོ་ལོ་གསུམ་ཡན་ཉར་ཚགས་བྱེད་དགོས། ཆོག་མཆན་ཐོབ་པའི་གཉེར་སྐྱོང་ཐད་ནས། རི་སྐྱེས་དབྱར་རྩྭ་དགུན་འབུའི་བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆོག་མཆན་མ་ཐོབ་པ་དང་ཆོག་མཆན་ལས་བརྒལ་ནས་གཉེར་སྐྱོང་བྱེད་པ། དེ་བཞིན་རྫུན་བཟོ་དང་ཆོག་འཐུས་ལག་ཁྱེར་གཞན་པར་གླ་བའི་བྱ་སྤྱོད་བཀག་འགོག་བྱེད་དགོས།
ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་བྱས་དོན། དབྱར་རྩྭ་དགུན་འབུ་ཉོ་སྐབས་ལག་ཁྱེར་ཆ་ཚང་བ་དང་ཡོད་རྟོན་གྱི་ཚད་མཐོ་བའི་ཚོང་ཁང་ཚད་ལྡན་འདེམས་དགོས་པ་དང་། ཐོན་རྫས་ཀྱི་བཟང་ངན་དང་འབྲེལ་ཡོད་ཞིབ་བཤེར་སྙན་ཞུར་ཞིབ་བཤེར་ཞིབ་ཚགས་བྱེད་དགོས་པ། ཡོང་ཁུངས་མི་གསལ་བ་དང་མཚོན་རྟགས་མེད་པའི་དབྱར་རྩྭ་དགུན་འབུ་མི་ཉོ་བ། ནད་བརྒྱ་སྨན་གཅིག་དང་སྐྲན་ནད་སྔོན་འགོག་སོགས་ཀྱི་ཐལ་དྲག་པའི་རྫུན་བསྒྲགས་ལ་ཡིད་ཆེས་བྱེད་མི་རུང་ལ། དབྱར་རྩྭ་དགུན་པའི་ལུས་གསོའི་ཕན་ནུས་ལ་དཔྱོད་ཤེས་ཀྱི་སྒོ་ནས་ལྟ་སྟངས་འཛིན་དགོས་ཤིང་རྨོངས་ཚོད་ཀྱིས་རིན་གོང་མཐོ་ན་ངེས་པར་ལེགས་སྙམ་གྱིས་གཡམ་རྒྱུག་བྱ་མི་རུང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། ཉོ་སྒྲུབ་དཔང་ཡིག་དང་ཉོ་ཚོང་ཟིན་ཐོ། དྲིལ་བསྒྲགས་དཔྱད་གཞི་སོགས་འབྲེལ་ཡོད་དཔང་རྟགས་ལེགས་པོར་ཉར་ཚགས་བྱས་ཏེ། 12315 ཁྲོམ་རའི་ལྟ་སྐུལ་དོ་དམ་ཞུ་གཏུག་ཐེར་འདོན་ཁ་པར་དང་ཡང་ན12345སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་ལ་ཞུ་གཏུག་ཐེར་འདོན་བྱས་ཏེ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས།