ཟླ5པའི་ཚེས13ཉིན། གསར་འགོད་པས2026ལོའི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ལོ་འཁོར་གྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གྱི་གཙོ་གནད་བྱ་བའི་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་བརྟན་པོའི་ངང་གཏིང་ཟབ་ཏུ་གཏོང་བར་དམ་པོར་དམིགས་ནས། ཕྱོགས་བསྡུས་སྨན་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད།
མཚོ་སྔོན་གྱིས་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་ཤོང་ཚད་མགྱོགས་མྱུར་སྒོས་ཆེ་རུ་བཏང་བ་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས3བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ས་ཁོངས་ཕན་འབྲས་རིམ་བཞིན་མངོན་གསལ་དུ་ཕྱིན་ཡོད། གྲོང་ཁྱེར་དང་ཁུལ་རིམ་པའི་རིམ་པ་གསུམ་པའི་སྨན་ཁང་དང་དོས་དྲག་མྱུར་སྐྱོབ་ཀྱི“ལྟེ་གནས་ཆེན་པོ་ལྔ”ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད་ལ། ཞིང་ཆེན་ནང་ཁུལ་གྱི་ནད་གཞི་ཚབས་ཆེན་སྨན་བཅོས་བྱེད་ནུས་རིམ་བཞིན་ཆེ་རུ་ཕྱིན་ཡོད། རྫོང་ཁོངས་ཀྱི་སྨན་ཞབས་མཐུན་ཚོགས་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས། སྨན་ཞབས་མཐུན་ཚོགས་རྫོང་ཁོངས་ཡོངས་སུ་ཁྱབ་པ་དང་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་བརྟན་པོའི་ངང་མཐོར་འདེགས་བྱས་ཡོད། “གཞི་རིམ་ལ་སྤུས་ལེགས་ཞབས་འདེགས་ཞུ་བའི་”བྱེད་སྒོ་ཏན་ཏིག་གིས་སྤེལ་ཞིང་། ཞིང་ཆེན་གྱི་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་ཟི་ལིང་གི་ཆུས་བཞིའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རུ་ལག་བསྟར་བྱེད་པའི་རྐྱེན་སྲོལ་བཙུགས་ནས། ཟི་ལིང་གྲོང་ཁྱེར་གྱི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་དཔེ་མཚོན་ཉམས་མྱོང་དང་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བས། ཞིང་ཆེན་ཡོངས་ཀྱི་མི་ཚོགས་ཡོངས་ཀྱིས་གན་རྒྱ་འཇོག་ཚད81.6%དང་གཙོ་གནད་མི་ཚོགས་ཀྱིས་གན་རྒྱ་འཇོག་ཚད90.12%ཟིན་ཡོད། དམངས་ཕན་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། ཞིབ་བཤེར་དང་བརྟག་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཧྲའན་ཞི་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས8དང་ཞིང་ཆེན་བར་གྱི་བརྟག་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་རྐྱེན་སྲོལ་བཙུགས་ཏེ། ཞིང་ཆེན་ནང་ཁུལ་གྱི་བརྟག་བཤེར་དང་གཟུགས་བརྙན་ཕན་ཚུན་ཁས་ལེན་རྣམ་གྲངས་སོ་སོར་སྣ409དང་སྣ162ཟིན་ནས། ནད་པར་འགྲོ་གྲོན་སྒོར་བྱེ་བ་ལྔ་དང་ས་ཡ་བདུན་ཁྲི་དགུ་གྲོན་ཆུང་བྱས་ཡོད། སྨན་བཅོས་ལས་ཁུངས53ལ་འདུག་རོགས་མི་དགོས་པའི་ལྟ་སྐྱོང་ཞབས་ཞུ་སྤེལ་བ་དང་། རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་ལ་ཞབས་འདེགས་ཞུས་ཡོད།
སྨན་བཅོས་འགན་སྲུང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱས་ནས། དཀར་ཆག་ནང་གི་སྨན་རྫས་རིགས3219ཟིན་ཡོད། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་སྒོ་བསྟེན་སྨན་རིན་མཉམ་འདོན་འགན་སྲུང་དང་། མི་སྒེར་གྱི་རྩིས་ཐེམ་བེད་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་དེ་ལས་བཟོ་བའི་ཁྱིམ་མིའི་བཀོལ་སྤྱོད་ཆོག་པ་ལག་བསྟར་བྱས། རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དུ་སྨན་ཁང་དུ་སྡོད་པའི་སྨན་བཅོས་གྲོན་དངུལ་དེDRG/DIPགྲོན་དངུལ་སྤྲོད་པའི་དོ་དམ་ནང་བཅུག རྒྱལ་ཁབ་གཅིག་སྡུད་སྔོག་འདོན་ཁྲོད་ཀྱི་འདེམས་སྒྲུག་འབྲས་བུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་གཞན་དང་ཞིང་ཆེན་ལས་བརྒལ་བའི་མནའ་འབྲེལ་བཙུགས་པ་དང་། ཞིང་ཆེན་རིམ་པའི་ཉོ་སྒྲུབ་མནའ་འབྲེལ་བཙུགས་ནས་སྨན་རྫས་ཟད་གྲོན་རྒྱུ་ཆ་གཅིག་སྡུད་སྔོག་འདོན་བྱས་ཤིང་། རིམ་རྩིས་བྱས་ན་སྨན་རྫས་རིགས1202དང་ཟད་གྲོན་རྒྱུ་ཆ་རིགས127གཅིག་སྡུད་སྔོག་འདོན་བྱས་ཤིང་། རིན་གོང་ཆ་སྙོམས་ཀྱིས55%ཡན་མར་ཆག་ཡོད། ཞིང་ཆེན་སྡེ་ཚན་དུ་བྱས་ནས་སྨན་ཞབས་མཐུན་ཚོགས་ཀྱི་སྨན་རྫས་དཀར་ཆག་གཅིག་གྱུར་བྱས་ཏེ། སྨན་རྫས་རིགས1137ཟིན་པ་དང་། རྫོང་ཁོངས་སྨན་ཞབས་མཐུན་ཚོགས་ལྟེ་གནས་ཀྱི་སྨན་སྦྱོར་ཁང་འཛུགས་སྐྲུན་བྱེད་ཚད62%ཟིན་ཡོད།
ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ཀྱི་གསར་གཏོད་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་སྦྱོར“བཀོད་འདོམས་མ་ལག”གི་སྨན་ཁང་སོགས་རྣམ་གྲངས་གལ་ཆེན་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བཞིན་ཡོད། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། འགོས་ནད་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས། ཀུན་ཕན་བཅོལ་གསོའི་ཞབས་ཞུ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་གྲངས་སྟོང་གི་གནས་བཅོལ་གྲངས་འབོར4.57ཟིན་པ་དང་། རིམ་རྩིས་བྱས་ན་ལོ3མན་ཆད་ཀྱི་བུ་གསོའི་ཁ་གསབ་མི་ཐེངས་འབུམ་གསུམ་ལྷག་ཙམ་ལ་བྱིན་པ་དང་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བཞི་ཙམ་བཏང་ཡོད། གསོ་བཅོས་ཟུང་འབྲེལ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་སྟེ། རྒན་པའི་མཛའ་མཐུན་སྨན་བཅོས་ལས་ཁུངས་འཛུགས་སྐྲུན་བྱེད་ཚད90%ཟིན་ཡོད། འཕྲོད་བསྟེན་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་མུ་མཐུད་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན་གྱི་རྒྱང་བསྟེན་སྨན་བཅོས་དང་རྒྱང་བསྟེན་སློབ་གསོའི་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞིའི་སྨན་བཅོས་ལས་ཁུངས་སུ་ཁྱབ་ཡོད།