མཚོ་སྔོན་གྱི་རྫོང་ཁོངས་རི་སྐྱེས་སྲོག་ཆགས་ཀྱི་གསལ་འགྲེལ་མེ་ལོང་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན། 《ཧོར་གྲོང་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་གནས་ཚུལ་མདོར་བསྡུས་དང་གསལ་འགྲེལ་མེ་ལོང》པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། རང་ཞིང་གི་རྫོང་ཁོངས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཐད་ཀྱི་ཆེད་ལས་རང་བཞིན་གྱི་དཔེ་དེབ་ཐོག་མ་ཡིན་པའི་ངོས་ནས། དཔེ་སྐྲུན་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་ཀྱི་སྟོང་ཆ་གསབ་པ་དང་། སྲ་འགྱུར་བརྟག་དཔྱད་གྲུབ་འབྲས་ལ་གནད་འཁེལ་གྱི་གཞི་གྲངས་འདོན་སྤྲོད་བྱས་ཡོད།

2024ལོ་ནས་བཟུང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་དང་གནས་སྡོད་དཔྱད་འཇོག་བྱ་བ་རྩ་འཛུགས་བྱས་ནས་སྤེལ། ཧོར་གྲོང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“ཧོར་གྲོང་རྫོང་གི་རྒྱལ་ཁབ་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་དང་གནས་སྡོད་དཔྱད་འཇོག”གི་རྣམ་གྲངས་གྲུབ་འབྲས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་སྔོན་ལ《ཧོར་གྲོང་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གནས་ཚུལ་མདོར་བསྡུས་དང་གསལ་འགྲེལ་མེ་ལོང》པར་སྐྲུན་འགྲེམས་སྤེལ་བྱ་བ་ཡོངས་འགྲུབ་བྱས། དེབ་ཧྲིལ་པོར་ཧོར་གྲོང་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི“རྨང་གཞི”བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཡོད་པ་དང་། རྫོང་ཁོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་དང་དེ་མིན་གནས་སྡོད་དཔྱད་འཇོག་གྲུབ་འབྲས་ལྟེ་བར་བྱས་ཏེ། སྐམ་མཚོ་གནས་གཉིས་སུ་སྡོད་པ་དང་གོག་འགྲོའི་རིགས། བྱ་རིགས། འོ་འཐུང་རིགས་བཅས་རིགས་ཆེན་པོ་བཞིའི་སྐམ་སར་གནས་པའི་རི་སྐྱེས་སྲོག་ཆགས་ཀྱི་སྣ271གི་ཆ་འཕྲིན་ཞིབ་ཅིང་ཕྲ་བར་གཅིག་བསྡུས་བྱས་ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་སྣ14ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་སྣ55དང་དེ་མིན་མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་སྣ42དང་།“གསུམ་ལྡན་རྒྱུད་རིགས”190དང་ཀྲུང་གོའི་ཁྱད་ལྡན་རིགས27བཅས་གཅིག་བསྡུས་བྱས་ཡོད། དེབ་དེའི་ནང་སྐྱེ་དངོས་རིགས་སོ་སོའི་དབྱིབས་རྣམ་ཀྱི་ཁྱད་ཆོས་དང་ཁྱབ་ཚུལ། གནས་སྡོད་ཁོར་ཡུག སྲུང་སྐྱོབ་རིམ་པ། ད་ལྟའི་འཚོ་གནས་བཅས་ཀྱི་གནས་ཚུལ་གསལ་པོ་མངོན་པ་དང་། དུས་མཚུངས་སུ《འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》ཀྱི་ཟུར་བཀོད་སྐྱེ་དངོས་རིགས་ཀྱི་མིང་གཞུང་དང《འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་འཇིག་ལ་ཉེ་བའི་སྐྱེ་དངོས་རིགས་དམར་པོའི་མིང་གཞུང》དུ་བཅུག་པའི་ཆ་འཕྲིན་ཡོད་ལ། དེར་ཚན་རིག་རང་བཞིན་དང་ཆེད་ལས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན།

དེབ་དེ་དངོས་སུ་པར་སྐྲུན་བྱས་པ་ནི་ཧོར་གྲོང་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་རྟོག་ཞིབ་གྲུབ་འབྲས་གཅིག་སྡུད་སྒོས་མངོན་པ་ཞིག་ཡིན་ལ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་མཐུན་སྦྱོར་ཤུགས་འདོན་བྱས་པའི་ལག་ལེན་ཀྱི་གྲུབ་འབྲས་ཤིག་ཀྱང་རེད། རང་ཞིང་གིས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལག་རྩལ། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ།“ཚན་རྩལ་དང་མི་ཤུགས”ཀྱི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་ཧུར་ཐག་གིས་བསྐྲུན་ནས།“ནགས་དཔོན་དང་རྩྭ་དཔོན། སྐྱེ་ཁམས་ཉེན་རྟོག་དཔོན”བཅས་ཀྱི་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་།“ཉེས་ཆད་གཅོད་པ་དང་སླར་གསོའི”བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པ། རི་སྐྱེས་སྲོག་ཆགས་དང་འཚོ་གནས་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ། ཚན་རིག་ཁྱབ་གདལ་གྱི་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་གཏོང་བ་དང་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།