མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5ཚེས7ཉིན་གྱི་ཆུ་ཚོད17དང་སྐར་མ22ཀྱི་སྟེང་། ད་ལོའི་ཐོག་མར་གནས་སྤོ་བའི་གཙོད158གངས་རླུང་གི་ཁྲོད་དུ་མཚོ་བོད་གཞུང་ལམ3001ནས3002བར་བརྒལ་སྐབས། ཝུའུ་ཏའོ་ལིང་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་ཡོངས་ཀྱིས་ལམ་ཧྲིལ་བོར་སྲུང་སྐྱོབ་དང་འགྲིམ་འགྲུལ་ལ་གནས་སྐབས་ཚོད་འཛིན་བྱས་པར་བརྟེན་ནས་བདེ་འཇགས་ངང་བརྒལ་ཏེ་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བའི་ཕྱོགས་སུ་བསྐྱོད་ཐུབ་ཡོད། དེས2026ལོར་གཙོད་ཁྱུ་གནས་སྤོ་མགོ་རྩོམ་པ་མཚོན།

གཙོད་ཁྱུ་གནས་སྤོ་བའི་སྐབས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དོ་དམ་ཅུས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་ལས་ཀ་བཀོད་སྒྲིག་ཞིབ་ཚགས་བརྒྱུད། གཙོད་ཁྱུའི་རྒྱུ་ལམ་གྱི་ས་ཁོངས་གཙོ་བོ་གཙིགས་སུ་བཟུང་ནས་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱས། ཝུའུ་ཏའོ་ལིང་སྲུང་སྐྱོབ་ས་ཚིགས་ཀྱིས་གཙོད་ཁྱུ་གནས་སྤོ་བའི་སྐབས་སུ་འགྲིམ་འགྲུལ་ལ་གནས་སྐབས་སུ་ཚོད་འཛིན་དང་རླངས་འཁོར་གྱི་སྒྲ་གཏན་འགོག་ལ་སོགས་པའི་བྱེད་ཐབས་ཕན་ལྡན་སྤྱད་དེ། གཙོད་ཁྱུ་བདེ་བླག་ངང་ནས་གཞུང་ལམ་བརྒྱུད་ཐུབ་པ་དང་། གཞུང་ལམ་དུ་བརྒལ་སྐབས་འདྲོག་མི་སློང་བར་འགན་ལེན་བྱེད་པ་དང་ཆབས་ཅིག གཙོད་ཁྱུ་གནས་སྤོ་བའི་སྐབས་ཀྱི་འགལ་སྐྱོད་གནས་ཚུལ་ལ་སྟངས་འཛིན་ཡག་པོ་བྱས་ནས་གནས་སྤོ་བའི་དུས་ཚོད་དང་གྲངས་འབོར། འབྲེལ་ཡོད་ཀྱི་གཞི་གྲངས་བཅས་ལ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་བྱ་ཆེད། འབྲོང་གནས་མཚོ་སྲུང་སྐྱོབ་ས་ཚིགས་སྔ་མོ་ཞིག་ནས་བཅའ་སྡོད་བྱས་ཏེ། གཙོད་ཕྲུག་བཙའ་དུས་ལ་སྲུང་སྐྱོབ་ལེགས་པོ་བྱས།

ལོ་རེའི་ཟླ5པ་ནས་ཟླ7པའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དང་། བོད་ལྗོངས་ཀྱི་བྱང་ཐང་། ཤན་ཅིང་གི་ཨར་ཅན་རི་བོ་སོགས་ནས་ཡོང་བའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཙོད་མ་མང་པོ་ལེ་དབར་སྟོང་ཕྲག་བརྒྱུད་མཚོ་བོད་གཞུང་ལམ་དུ་བརྒལ་དེ་འབྲོག་སྣེ་མཚོར་གཙོད་ཕྲུག་བཙའ་བར་བསྐྱོད་ཀྱི་ཡོད།