མཚོ་སྔོན་ཞིང་ཆེན་གྱིས་མྱུར་བགྲོད་གཞུང་ལམ་ཚོགས་པའི་ཚད་གཞི་གཉིས་དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ལས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མྱུར་བགྲོད་གཞུང་ལམ་འཁོར་སྐྱོད་ཡན་ལག་ཀུང་ཟིས་འགན་གཙོ་བོ་འཁུར་ནས་རྩོམ་སྒྲིག་བྱས་པའི《མྱུར་བགྲོད་གཞུང་ལམ་གྱི་ལྗིད་ཚད་འཇལ་བའི་ཚད་ལེན་ལས་གཞི་འཛུགས་སྐྲུན་ལག་རྩལ་གྱི་ཚད་གཞི》དང《མྱུར་བགྲོད་གཞུང་ལམ་སྟེང་ཞིང་ལས་ཐོན་རྫས་སྐྱེལ་འདྲེན་བྱེད་སྐབས་ཀྱི་ཞིབ་བཤེར་ཚད་ལེན་ལག་རྩལ་གྱི་ཚད་གཞི》སྟེ་ཚོགས་པའི་ཚད་གཞི་ཁག་གཉིས་ལ་མཚོ་སྔོན་ཞིང་ཆེན་གཞུང་ལམ་སློབ་ཚོགས་ཀྱིས་ཆོག་མཆན་བཀོད་ནས་དངོས་སུ་ཁྱབ་བསྒྲགས་བྱས་པར་མ་ཟད་ལག་བསྟར་བྱས།

ཐེངས་འདིར་ཚོགས་པའི་ཚད་གཞི་གཏན་འབེབས་བཟོས་པ་དེས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ལམ་དྲའི་འཁོར་སྐྱོད་ཀྱི་དངོས་ཡོད་དང་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་རྐང་བཙུགས་ཤིང་། ཉིན་རྒྱུན་གྱི་འཁོར་སྐྱོད་དོ་དམ་གྱི་དཀའ་གནད་དང་འགག་གནད་ལ་དམིགས་ནས། ཡུལ་དངོས་རྟོག་ཞིབ་དང་ཆེད་མཁས་པས་རིགས་སྒྲུབ། བསམ་ཚུལ་བསྡུ་ལེན། ཡང་བསྐྱར་བཟོ་བཅོས་སོགས་ཀྱི་གོ་རིམ་བརྒྱུད་དེ་ཚོད་འཛིན་ནན་མོ་བྱས་པ་དང་། ལས་རིགས་ཀྱི་སྔོན་ཐོན་ཉམས་མྱོང་དང་ལག་ལེན་གྲུབ་འབྲས་མཉམ་འདྲེས་ལེགས་པོ་བྱས་ཡོད་པས། ཚན་རིག་རང་བཞིན་དང་དམིགས་གཏད་རང་བཞིན། བེད་སྤྱོད་ཆོག་པའི་རང་བཞིན་བཅས་དྲག་པོ་ལྡན། དེས་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚད་འཇལ་ཞིབ་བཤེར་དང་གེགས་མེད་བགྲོད་ལམ་ཁྱབ་ཁོངས་སུ་ཚད་གཞི་ཅན་དང་ཚད་ལྡན་ཅན། ཞིབ་ཕྲ་ཅན་བཅས་ཀྱི་དོ་དམ་ཆུ་ཚད་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པ་མཚོན།

ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་མྱུར་བགྲོད་གཞུང་ལམ་འཁོར་སྐྱོད་ཡན་ལན་ཀུང་ཟི་ཡིས་ཐེངས་འདིའི་ཚོགས་པའི་ཚད་གཞི་གཉིས་ཁྱབ་བསྒྲགས་ལག་བསྟར་བྱས་པ་གོ་སྐབས་སུ་བརྩིས་ཏེ། ཕྱོགས་ཡོངས་ནས་ཚད་གཞི་ཡོངས་ཁྱབ་གསོ་སྦྱོང་དང་ལག་བསྟར་དོན་འཁྱོལ། རྗེས་འདེད་ལེགས་སྒྱུར་བཅས་ཀྱི་བྱ་བ་དམ་འཛིན་ལེགས་པོ་བྱེད་པ་དང་། ཚད་གཞིའི་ནང་དོན་ཉིན་རྒྱུན་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ལས་རིམ་སོ་སོར་འདྲེས་པར་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་མཉམ་དུ། ལས་རིགས་ལག་རྩལ་གྱི་ཞིབ་འཇུག་ཟབ་སྤེལ་དང་ཚད་གཞིའི་མ་ལག་འཛུགས་པ་དང་། ལམ་དྲ་འཁོར་སྐྱོད་ཞིག་གསོ་དང་། ཞབས་ཞུ་མཐོར་འདེགས། རིག་ནུས་འགྲིམ་འགྲུལ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས། དངོས་ཡོད་དང་མཐུན་ཞིང་དངོས་གཉེར་སྤྱད་ཆོག་གི་ཚད་གཞི་སྔར་ལས་མང་པོ་རྒྱུན་མི་ཆད་པར་བཏོན་ཏེ། ཚད་གཞི་ཅན་གྱི་འཛུགས་སྐྲུན་གྱིས་མྱུར་བགྲོད་གཞུང་ལམ་འཁོར་རྒྱུག་དོ་དམ་གྱི་སྤུས་འདེགས་ནུས་འཕར་ལ་སྟོབས་ནུས་སྩོལ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།