ཐུན་རིན་ས་ཆའི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཚ་རླབས་ཆེས་ཆེར་འཕྱུར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

“ལྔ་གཅིག”གི་གུང་གསེང་རིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས“དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་དང་རེབ་གོང་རིག་གནས་བར་ཁྱམས་རིང་མོའི་ལེགས་ཆར་བརྟེན་ནས། “གསེར་མོ་ལྗོངས་སུ་ཉུལ་ནས་ཐུན་རིན་གྱི་མི་ཆོས་ལ་མཇལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བས། ས་ཁོངས་ཡོངས་ཀྱི་རིག་གནས་གུང་གསེང་རིང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི9.4302ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས122.9%འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི1976.5ཟིན་པ་དེ་དུས་མཚུངས་ལས37.5%འཕར་ཞིང་། ལྟེ་བའི་དམིགས་ཚད་ཁག་གཉིས་ཆེས་ཆེར་འཕར་ནས་རིག་གནས་ཡུལ་སྐོར་གྱི་ཡོང་འབབ་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

རེབ་གོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན4Aམཛེས་ལྗོངས་ཁུལ་དེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ལྟེ་བའི་སྒུལ་ཤུགས་ཤིག་ཡིན་པའི་ངོས་ནས་གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི5.5932ལ་སྣེ་ལེན་ཞུས་པ་དེས། ཐུན་རིན་གྲོང་ཁྱེར་བསྡོམས་འབོར་གྱི59.3% ཟིན་ཡོད། ཡུལ་སྐོར་བ་སྡོད་ཡུན་རིང་དུ་གཏོང་བ་དང་མཚན་མོའི་འཛད་སྤྱོད་ལ་སྐུལ་མ་གཏོང་ཆེད། ས་གནས་ཀྱིས《རེབ་གོང་གི་བག་ཆགས》ཞེས་པའི་དངོས་ལྗོངས་འཁྲབ་སྟོན་དང་། མི་རིགས་གླུ་བྲོ། སྲོལ་རྒྱུན་བོད་ཀྱི་ཟློས་གར། དེ་བཞིན་རི་བོའི་སྐུལ་འོད་འཁྲབ་སྟོན་དང་མངོན་མིན་ཤུལ་བཞག་ཤོག་སྦག་འཁྲབ་སྟོན་སོགས་མཚན་མོའི་ཡུལ་སྐོར་རྣམ་གྲངས་བཏོན་ནས། རི་ཆུ་ཡོལ་བ་དང་རིག་གནས་བླ་སྲོག་ཏུ་བྱས་ཏེ་མཚན་མོའི་ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་སྟེ་འཛད་སྤྱོད་འཕར་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར།

ཐུན་རིན་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་འཛད་སྤྱོད་ལས་རིགས་སྣ་མང་ཕུན་ཚོགས་སུ་བཏང་། རོང་བོ་དགུ་ཆུའི་སྣོད་བཅུད་ཆུ་འགྲམ་ལ་བརྟེན་ནས། མངོན་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་དང་། ཁྱད་ལྡན་ཞིམ་ཟས། རིག་གནས་གསར་གཏོད་ཉོ་སྒྲུབ་སོགས་ཀྱི་གཞི་རྒྱུ་བསྡུ་སྒྲིལ་བྱས་ཏེ། ཞི་གནས་ཆུ་འགྲམ་གྱི་ཁོར་ཡུག་བསྐྲུན་ནས་ཆུ་འགྲམ་ཁྲོམ་ཁུལ་དུ་ཡུལ་སྐོར་བ་མི་ཐེངས26563ལ་སྣེ་ལེན་ཞུས་ནས་རྨ་ཆུའི་འགྲམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་སྤྲད། དེ་དང་ཆབས་ཅིག“ཤར་ཕྱོགས་རི་བོའི་རྩེ་ནས”སོགས་དྲ་གྲགས་ས་གནས་བསྐྲུན་ནས་བཙན་མོ་དང་ཧྭ་ཨར་ལུང་བ་སོགས་གྲོང་གསེབ་ཀྱི་མཛེས་ལྗོངས་ཁུལ་རྗེས་ཁྲིད་བྱས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་བས་མི་ཐེངས1426ལ་སྣེ་ལེན་ཞུས་པ་དང་། བྱ་ཁྱུང་རི་བོ་དང་སྟག་ལུང་རི་བོའི་སྣོད་བཅུད་ལ་རྐང་ཐང་དང་རང་འཁོར་བཏང་ནས་ཞིབ་འཇུག་སློབ་སྦྱོང་བྱེད་པའི་ལམ་ཐིག་ལ་དགའ་བསུ་ཐོབ་པ་དང་། མི་ཐེངས1312ལ་སྣེ་ལེན་ཞུས་པས་སྣོད་བཅུད་ཁམས་གསོའི་མཚར་ཉམས་འབུར་ཐོན་དུ་བཏང་།

འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཐུན་རིན་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་དམངས་ཕན་གྱི་རྒྱན་ལེན་ཕན་བདེ་སྒོར་འབུམ་བཞི་ལྷག་ཙམ་སྤྲད་པ་དང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་ཀྱི་ལེགས་སྐྱེས་བཟང་པོ་སྤྲད་དེ་འཛད་སྤྱོད་ཀྱི་སྦས་ཤུགས་བསླངས་ལ། ལྷ་བཟོ་ཁང་ཆེ་གྲས་ཁག་དང་དམངས་ཁྲོད་རྟེན་རྫས་མཛོད་ཁང་དང་མཉམ་འབྲེལ་བྱས་ནས་ཐང་གའི་ཤུལ་བཞག་ལ་ཞིབ་འཇུག་སློབ་སྦྱོང་བྱས་པ་དང་། གུང་གསེང་རིང་ཞིབ་འཇུག་སློབ་སྦྱོང་ལ་ལྟ་སྐོར་བྱེད་མཁན་མི་ཐེངས2357ཟིན་ནས་རིག་གནས་ཐོན་ལས་ཀྱི་ཡོང་འབབ་མངོན་གསལ་གྱིས་གོང་དུ་ཕྱིན།

ཐུན་རིན་ས་ཆའི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཚ་རླབས་ཆེས་ཆེར་འཕྱུར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།