2026ལོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས9ཉིན། 2026ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་བཅུ་གཅིག་པ་དང་མཚོ་སྔོན་ཞིང་ཆེན་གྲོང་གསེབ་རིམ་འདས་མདའ་འཕེན་གྱི་ཤར་ཁུལ་མཉམ་འབྲེལ་འགྲན་སྡུར། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་མདའ་འཕེན་སྤྱི་བསྒྲགས་འགྲན་སྡུར་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་འགྲན་ཞུགས་རུ་ཁག76གི་མདའ་རྩལ་པ800ལྷག་རྨ་ཀླུང་སྔོན་མོའི་འགྲམ་ངོགས་སུ་འཛོམས་ནས་འཐེབ་མདའ་རྩལ་འགྲན་པའི་དོ་ར་རུ་སྲོལ་རྒྱུན་མདའ་འཕེན་གྱི་ལྟད་མོ་གྱ་ནོམ་པ་བཤམས།

ཐེངས་འདིའི་འགྲན་སྡུར་དུ་བྱིས་པའི་གཞུ་ལེབ་དང་གཞོན་ནུའི་གཞུ་ལེབ། ན་གཞོན་གྱི་གཞུ་ལེབ། ན་གཞོན་གྱི་སྲོལ་རྒྱུན་གཞུ་མོ། དར་མའི་གཞུ་ལེབ། དར་མའི་གཞུ་འཁོར་ལོ་མ། དར་མའི་རྭ་གཞུ། དར་མའི་དེང་རབས་སྲོལ་རྒྱུན་གཞུ་བཅས་འགྲན་སྡུར་ཚོ་ཆུང་མི་འདྲ་བརྒྱད་དུ་བགོས་ཡོད་ལ། འགྲན་ཞུགས་པའི་ན་ཚོད་ཀྱང་ལོ་བཅུ་ནས་དྲུག་ཅུའི་བར་ཡོངས་སུ་ཁྱབ་ཡོད་ཅིང་མཚོ་སྔོན་མི་རིགས་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་གྱི་མང་ཚོགས་རང་བཞིན་ཀྱི་རྨང་གཞི་བརྟན་པོ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས།

དེ་དང་མཉམ་དུ་གཞོན་ནུ་མདའ་འཕེན་འཇོན་མི་ཉུང་ཞིང་གསོ་སྐྱོང་མ་ལག་འཐུས་སྒོ་མི་ཚང་བའི་ཞན་ཆ་ཁ་གསབ་ཆེད་ཐེངས་འདིའི་འགྲན་སྡུར་ལ་གྲ་སྒྲིག་འགྲན་སྡུར་དང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་མདའ་འཕེན་སྤྱི་བསྒྲགས་འགྲན་སྡུར་སྤེལ། འགྲན་སྡུར་གྱི་བཀོད་སྒྲིག་ལྟར་ཐེངས་འདིའི་གྲ་སྒྲིག་འགྲན་སྡུར་ཁྲོད་ཨང་རིམ་མཐོ་བའི་སློབ་མ་རྣམས་ མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཟླ7པར་བསྒྲུབ་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གྱི་རྟིང་རྩོད་དུ་ཚུད་ངེས། སྐབས་དེར་འགྲན་སྡུར་ལ་གཞོན་ནུ་མདའ་འཕེན་ཚན་ཆུང་དང་དམངས་ཁྲོད་མདའ་འཕེན་བརྗེ་རེས་ཀྱི་ལས་རིམ་བཀོད་སྒྲིག་བྱ་རྒྱུ་དང་གཞོན་ནུ་ཚོགས་པའི་བྱ་དགའ་ཆེད་དུ་བསྣན་ནས་འགྲན་སྡུར་གྱི་རྩལ་འགྲན་མྱོང་བ་ཕུན་སུམ་ཇེ་ཚོགས་གཏང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།