སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འབྱུང་རྩའི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་རང་རྒྱལ་གྱི་སོན་ལས་འཕེལ་རྒྱས་བཏང་སྟེ། སོན་ལས་ཚན་རྩལ་གྱི་རང་ཚུགས་རང་འབད་དང་། སོན་ཁུངས་རང་བདག་ཚོད་འཛིན་ཐུབ་པར་བྱ་དགོས།
ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། རང་རྒྱལ་གྱིས་སོན་ལས་དར་རྒྱས་ཀྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ས་བོན་ཡོང་ཁུངས་ཀྱི་བདེ་འཇགས་འགན་ལེན་ཆུ་ཚད་བརྟན་པོའི་ངང་ཇེ་མཐོ་རུ་བཏང་ནས། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།
མིག་སྔར། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་གྲོ་ཞིང་ལ་ཆུ་གཏོང་བཞིན་ཡོད་པས། རླམ་དམར་ནད་འབྱུང་ཚད་མང་བའི་དུས་ལ་འཁེལ་ཡོད། ད་ལོར། ཕན་མཐོ་རླམ་དམར་ནད་འགོག་པའི་གྲོའི་སྣ་ཁ་གསར་པ“དབྱང་གྲོ53པ”ཐོག་དང་པོར་རྒྱ་ཁྱོན་ཆེན་པོས་ཁྱབ་གདལ་བེད་སྤྱོད་བྱས་པ་དེས་སྨན་ཉུང་ངུ་རྒྱག་པ་དང་ཐོན་འཕར་ཇེ་མང་དུ་གཏོང་ཐུབ།
ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སོན་འདེབས་མི་སྣའི་ཕྱོགས་ནས་གྲོའི་སྣ་ཁ་གསར་པ“དབྱང་གྲོ53”གྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་མ་ཟད་མངགས་བཅོལ་ཟབ་མོ་གནང་ནས། སོན་ལས་ནི་གལ་ཆེ་ཤོས་ཤིག་ཡིན་པ་དང་། ཞིང་ལས་གཉེར་ན་སོན་ལས་གོང་དུ་སྤེལ་དགོས་པ་བསྟན། གྲོ་དང་། ཆུ་འབྲས། མ་རྨོས་ལོ་ཏོག་སོགས་འབྲུ་རིགས་ལོ་ཏོག་ནས། ཤིང་འབྲས་དང་། སྔོ་ཚལ། ཆུ་ཐོན་དངོས་རྫས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སོན་ལས་དར་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་མཐོ་ཚད་ནས་སོན་ལས་དར་རྒྱས་གཏོང་བའི་འགུལ་སྐྱོད་བཀོད་སྒྲིག་དང་ལག་བསྟར་གནང་། ཁོང་གིས་བསྟན་དོན། ངེས་པར་དུ་མི་རིགས་ཀྱི་སོན་ལས་འཕེལ་རྒྱས་གཏོང་དགོས་པ་དང་། སོན་ཁུངས་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ཇེ་མཐོ་རུ་བཏང་ནས། སྟོབས་ཤུགས་གཅིག་སྡུད་ཀྱིས་དཀའ་གནད་སེལ་བ་དང་། ཞན་ཆ་གསབ་པ། ལེགས་ཆ་ཇེ་ཆེ་རུ་གཏོང་བ། ཉེན་ཁ་ཚོད་འཛིན་བཅས་བྱེད་དགོས་ལ། སོན་ལས་ཚན་རྩལ་གྱི་རང་ཚུགས་རང་འབད་དང་། སོན་ཁུངས་རང་བདག་ཚོད་འཛིན་ཐུབ་པར་བྱ་དགོས།
ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་ཁབ་སོན་གསོ་མཉམ་འབྲེལ་འགག་སྒྲོལ་ཆེད་མཁས་པའི་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ཝན་ཅན་མིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་སོན་ལས་དར་སྤེལ་གཏོང་བའི་འགུལ་སྐྱོད་ལག་བསྟར་ལ་བཀོད་སྒྲིག་གནང་ནས། “ལོ་གཅིག་ལ་འགོ་ཡག་པོ་ཚུགས་པ་དང་། ལོ་གསུམ་ལ་རྨང་གཞི་འདིང་བ། ལོ་ལྔའི་ནང་ཕན་འབྲས་ཐོན་པ་དང་། ལོ་བཅུའི་ནང་འགག་གནད་སྒྲོལ་ཐུབ་པ”ཞེས་པའི་སྤྱིའི་བཀོད་སྒྲིག་གནང་ནས། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱས་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཕུགས་ཀྱི་དགོངས་བཞེད་ཟབ་མོ་མངོན་ཡོད། མིག་སྔར་ལོ་ལྔའི་ནང་ཕན་འབྲས་ཐོན་པའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་དེ། རང་རྒྱལ་གྱི་སོན་ལས་ཚན་རྩལ་གསར་གཏོད་སྤྱི་ཡོངས་ནས་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། འགག་རྩའི་ལག་རྩལ་དང་སོན་སྣ་གལ་ཆེན་ཁ་ཤས་ཐད་འགག་སྒྲོལ་བྱུང་ཡོད་ལ། སོན་ཁུངས་བདེ་འཇགས་འགན་ལེན་གྱི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོ་རུ་ཕྱིན་ཡོད་ཟེར།
ད་ལྟ་རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་རང་བརྟེན་འདེམས་གསོ་བྱས་པའི་ས་བོན་གྱི་རྒྱ་ཁྱོན་གྱིས95%ལྷག་ཟིན་ནས“ཀྲུང་གོའི་འབྲུ་རིགས”གཙོ་བོར་ཀྲུང་གོས་འདེབས་པ་མངོན་འགྱུར་བྱུང་ཡོད། སྤུས་ལེགས་ཆུ་འབྲས་ཀྱི་བཟུང་བའི་བསྡུར་ཚད55%ལས་བརྒལ་བ་དང་། 2020ལོ་ལས་བརྒྱ་ཆའི་གྲངས་གནས10ཡིས་ཇེ་མཐོ་རུ་ཕྱིན་ནས། འབྲས་ཀྱི་སྤུས་ལེགས་རིམ་པ་སྤྱི་ཡོངས་ནས་ཇེ་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས། ཐོན་ཚད་མཐོ་བའི་མ་རྨོས་ལོ་ཏོག་སྣ་ཁ་གསར་པ་ཁག་གཅིག་གིས་རེས་སྐོར་གསར་པའི་ས་བོན་གསར་སྒྱུར་རབས་བརྗེ་དང་མུའུ་རེའི་ཐོན་ཚད་ཇེ་མཐོ་རུ་འགྲོ་བར་སྣེ་ཁྲིད་བྱེད་བཞིན་ཡོད། པད་ལོག་གི་དུས་བཞིའི་མཁོ་སྤྲོད་ཁྱོན་ཡོངས་ལ་ཁྱབ་པ་དང་། ཉ་གསེར་ཆེན་གྱི་ནད་འགོག་ནུས་པ་རྒྱུན་མི་ཆད་པར་ཇེ་ཆེ་རུ་སོང་ཡོད་པ་དང་། རང་བདག་གསོ་སྤེལ་བྱས་པའི་བྱ་སྒྲོ་དཀར་པོའི་ཁྱིམ་བྱ་ཕྱི་རྒྱལ་དུ་ཐོན་པ་སོགས་སོན་ལས་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་ཞན་ཆ་གསབ་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང་སོན་ལས་དར་སྤེལ་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་དང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཚོང་ལས་ཅན་གྱི་སོན་གསོའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ། སོན་གསོ་མཉམ་འབྲེལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་པ། ཐོན་ཚད་མཐོ་ཞིང་སྤུས་ཀ་ལེགས་པ། ལྡོག་འགོག་གཞི་ཁྱོན་ཆེ་བའི་སོན་སྣ་གསར་པ་གསོ་སྐྱོང་བྱས་ནས། སོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ཆུ་ཚད་ཇེ་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།
དམིགས་འབེན་གཏན་འཁེལ་བྱས་ནས་གནད་འཁེལ་བྱེད་ཐབས་རབ་དང་རིམ་པར་ཕྱོགས་ཡོངས་ནས་ཤུགས་བསྣན།
ད་ལོར་རང་རྒྱལ་གྱི་སོན་གསོ་གསར་གཏོད་ཀྱི་འགག་སྒྲོལ་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་སོན་ལས་ཚན་རྩལ་རྣམ་གྲངས་གལ་ཆེན་གྱི་རྒྱབ་སྐྱོར་འོག སོན་གསོ་ཁེ་ལས་འདིས་རིག་ལྡན་སོན་གསོ་རྣམ་པ་གསར་པ་བཏོད་ནས། རང་བརྟེན་ཚོད་འཛིན་ཐུབ་པའི་སྐྱེ་དངོས་སོན་གསོ་ལག་རྩལ་མ་ལག་བཙུགས་ཡོད།
ཆིང་ཏའོ་ཆིང་ཡོན་ས་བོན་ཚན་རིག་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀྲང་མིང་གོ་ཡིས་བཤད་རྒྱུར། མིག་སྔར་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ཏོག་རྒྱུད་འཛིན་ཚུལ་སྒྱུར་སྟེགས་བུ་བསྐྲུན་ཡོད་པ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་སོགས་ལོ་ཏོག30ལྷག་གྱི་རྒྱུད་འཛིན་ཚུལ་སྒྱུར་རིག་ནུས་ཅན་གྱི་ལག་ཆ་བཙུགས་ནས། སོན་གསོ་དུས་འཁོར50%ཡན་ཇེ་ཐུང་དུ་བཏང་ཡོད།
མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་དམིགས་ཏེ། ད་ལོར། རང་རྒྱལ་གྱིས་ཁྱད་ཆོས་ལྡན་པའི་སྤུས་ལེགས་སིལ་ཏོག་དང་སྔོ་ཚལ། སྒོ་ཕྱུགས་དང་ཁྱིམ་བྱ་སོགས་སྣ་མང་ཅན་གྱི་ཐོན་རྫས་ཀྱིས་མང་ཚོགས་ཀྱི་ཟས་ཅོག་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད། ཀོང་ཏུང་དབྱང་ཞིས་སུ། རྒྱལ་ཁབ་ཀྱི་སིལ་ཏོག་ལི་ཀྲིའི་སོན་གསོ་མཉམ་འབྲེལ་འགག་སྒྲོལ་གྱི་སྔ་སྨིན་སོན་གསར“ཞན་ཐའོ་ལི”གཞི་ཁྱོན་ཆེ་བའི་ཁྲོམ་རར་འདོན་ཐེངས་དང་པོ་རེད། དགེ་མཚན་ལྡན་པའི་ཚན་རིག་ཞིབ་འཇུག་སློབ་ཁྲིད་ལས་ཁུངས་དང་ཁེ་ལས25ཡིས་མཐུན་སྦྱོར་འགག་སྒྲོལ་བྱས་ཏེ། སྔ་སྨིན་ཕྱི་སྨིན་གྱི་བྲོ་བ་མི་འདྲ་བའི་སྣ་ཁ་གསར་པ་ཞིག་ཏུ་གྱུར་ནས། ལི་ཀྲིའི་ཐོན་ཡུན་ཟླ་བ་གཉིས་ལྷག་རིང་རྒྱུན་བསྲིང་རྒྱུ་རེད།
འབྱུང་རྩ་ནས་རིགས་རྒྱུད་གཅིག་མཚུངས་ཅན་གྱི་གནད་དོན་ཐག་གཅོད་ཆེད། ད་ལོར། རང་རྒྱལ་གྱིས་ལོ་ཏོག་གི་སོན་རྒྱུའི་ཐོན་ཁུངས་ལེགས་བཅོས་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་གོ་ཆོད་པའི་ཐོན་ཁུངས་སྤུས་ལེགས་སྔོག་འདོན་གང་མགྱོགས་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་དང་། རྒྱ་མཚོའི་ཉ་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་བང་མཛོད་ཀྱི་རྗེས་སུ། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་མཛོད་ཀྱིས་ཀྱང་ལོ་མཇུག་གི་སྔོན་ལ་ཚོད་ལྟ་བྱས་ནས། རྒྱུད་སྤེལ་གསར་གཏོད་བྱེད་པར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།
ཞིང་ལས་ཞིང་སྡེ་པུའུ་ཡི་འདེབས་ལས་དོ་དམ་སི་ཡི་སི་ཀྲང་གཞོན་པ་དབྱང་ཧའེ་ཧྲེང་གིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་འདེབས་ལས་དར་སྤེལ་ཡོང་བར་འགག་སྒྲོལ་གལ་ཆེན་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན། ང་ཚོས་འདེབས་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབྲུ་རིགས་བདེ་འཇགས་དང་། ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ནུས་ལྡན་ཡོང་བར་འགན་སྲུང་བྱ་རྒྱུར་དམིགས་ནས། སྒྲིག་འཛུགས་ཡོད་པའི་ཚན་རིག་ཞིབ་འཇུག་དང་། མ་ལག་ཅན་གྱི་སོན་གསོ་འགག་གནད་སྒྲོལ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། འདེབས་ལས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འདེབས་ལས་དར་སྤེལ་གཏོང་བར་འགག་སྒྲོལ་གལ་ཆེན་ཡོང་བར་སྐུལ་འདེད་གཏོང་བ་དང་། འདེབས་ལས་ཀྱི་ཚན་རྩལ་རང་ཚུགས་རང་དར་དང་སོན་ཁུངས་རང་བདག་ཚོད་འཛིན་ཐུབ་པ་བཅས་མངོན་འགྱུར་བྱེད་དགོས།
ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལྟར། 2030ལོར་སླེབས་དུས། རང་རྒྱལ་གྱི་ཞིང་ལས་ལྟེ་བའི་འབྱུང་ཁུངས་རང་མཁོ་རང་སྤྲོད་བྱེད་ཚད85%ཟིན་ནས། རང་བདག་རིགས་སྣ་སྔར་བས་མང་བ་རང་གི་ལག་ཏུ་དམ་པོར་འཛིན་པ་དང་། ཀྲུང་གོ་བ་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་ཟས་ཕོར་སྔར་ལས་བརྟན་པོ་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་བྱེད་དགོས།