མགོན་པོ་བཀྲ་ཤིས་ཀྱིས་ཚྭ་མཚེའུ་ལྗོངས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བཟང་པོར་བརྟེན་ནས་ཚྭ་མཚེའུ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5ཚེས9ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིག་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་དུ་སོང་ནས་ཞིང་ཆེན་གྱི་ཁེ་ལས་གཙོ་བོ་སྟེ་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་མཚོ་སྔོན་ཚྭ་མཚེའུ་མ་རྐང་ཚད་ཡོད་ཀུང་སིའི་ཚྭ་མཚེའུ་ལྗོངས་ཁུལ་དུ་རྟོག་ཞིབ་བྱས།

མགོན་པོ་བཀྲ་ཤིས་སྔ་རྗེས་སུ་ཚྭ་མཚེའུ་དངོས་མང་བཤམས་སྟོན་ཁང་དང་། ཚྭ་མཚེའུ་བཟོ་ལས་ཡན་ལག་ཀུང་སི། ཚྭ་བརྐོས་ཚོགས་པ། ཚྭ་མཚེའུ་ཁ་བའི་འབབ་ཚུགས། རིག་ནུས་བཀོད་གཏོང་ལྟེ་གནས་བཅས་སུ་བསྐྱོད་དེ་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་དང་ཚྭ་མཚེའུ་ཡུལ་སྐོར་རྣམ་གྲངས་ལ་རྟོག་ཞིབ་བྱས་པ་དང་། ཚྭ་མཚེའུའི་་རིག་གནས་ལོ་རྒྱུས་དང་། འཕེལ་རྒྱས་ལོ་རྒྱུས། ཐོན་སྐྱེད་གཉེར་སྐྱོང་གི་ད་ལྟའི་གནས་ཚུལ། “གནམ་གྱི་མེ་ལོང”གི་སྤུས་རྟགས་རིམ་སྤོར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁེ་ལས་ཀྱི་འགན་འཁུར་བས་སྙན་ཞུ་བྱས་པར་གསན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཚྭ་མཚེའུ་ཐོན་ཁུངས་ནི་མཚོ་སྔོན་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ཡིན་པ་དང་། ཚྭ་མཚེའུ་ཐོན་ལས་ནི་མཚོ་སྔོན་གྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོ་ཞིག་ཡིན་པས། མུ་མཐུད་དུ་ཚྭ་མཚེའུ་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་བྱས་ཏེ། མི་སྔར་ལས་མང་པོས་ཚྭ་མཚེའུ་ལ་ལྟ་སྐོར་བྱེད་པ་དང་། ཚྭ་ཟ་བ་དང་ཚྭ་སྤྱོད་པ་བཅས་བྱེད་དགོས།

དེའི་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་མགོན་པོ་བཀྲ་ཤིས་ཀྱིས་འབྲེལ་ཡོད་ལས་ཁུངས་སོ་སོའི་བྱ་བའི་སྙན་ཞུར་གསན། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་ཐོན་ལས་གནས་བཞིའི་འཛུགས་སྐྲུན་གྱི་དམིགས་འབེན་ལ་གཞི་ཚུགས་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དངོས་འཐབ་ཀྱི་ཁྲིད་ཕྱོགས་ལ་བརྟེན་ནས་ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཚྭ་མཚོའི་རང་བྱུང་ལེགས་ཆ་གང་ལེགས་ངང་སྤྱད་དེ་སྨན་བཅོས་དང་བདེ་ཐང་ཁམས་གསོ་སོགས་ཁྱབ་ཁོངས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། བཟའ་བཅའ་དང་སྨན་བཅོས། བདེ་ཐང་ཁམས་གསོ་སོགས་སྣ་མང་ཅན་གྱི་བཀོལ་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས། ཚྭ་མཚོའི་ཡུལ་སྐོར་དེ་སྒེར་གཤིས་ཅན་དང་མཐོ་རིམ་ཅན་དུ་རིམ་སྤོར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། གྲོས་མོལ་གྱི་གྲུབ་འབྲས་མ་ལག་ལྡན་པའི་སྒོ་ནས་ཚུལ་སྒྱུར་བྱེད་པ་དང་། རྟོག་ཞིབ་དང་། འོས་སྦྱོར། ཞིབ་འཇུག་བཅས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཆེད་དོན་སྙན་ཞུ་གྲུབ་པར་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཇུས་ཐག་གཅོད་པར་དཔྱད་གཞི་མཁོ་འདོན་བྱེད་དགོས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲུབ་འབྲས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། གྲོས་མོལ་གྱི་ཐུན་མོང་ངོས་འཛིན་དེ་སྲིད་ཇུས་ཀྱི་བྱེད་ཐབས་དང་། རྣམ་གྲངས་ཀྱི་འདེགས་སྐྱོར། འཕེལ་རྒྱས་ཀྱི་ཕན་འབྲས་བཅས་སུ་བསྒྱུར་ནས། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པ་བརྒྱུད་མཚོ་སྔོན་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བར་རོགས་རམ་བྱེད་དགོས། གྲོས་གཞིའི་ཁྲོད་དངོས་གཉེར་དང་ལག་བསྟར་བྱེད་ཐུབ་པའི་བསམ་འཆར་དག་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་། ཚྭ་མཚོའི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་སྤྱོད་དངོས་སུ་བསྒྱུར་ནས། ལག་རྩལ་གསར་གཏོད་དང་། ཐོན་ལས་མཉམ་ལས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ཐཱན་ཉུང་དང་། རིན་ཐང་མཐོ་བ། འགྲན་རྩོད་ནུས་པ་ཆེ་བའི་དེང་རབས་ཚྭ་མཚོའི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ཏེ། གྲོས་གཞི་བསྒྲུབ་པའི་ཕན་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་མུ་མཐུད་དུ་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྟེགས་བུ་བསྐྲུན་པ་དང་། ལམ་སྲོལ་འཛུགས་པ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱས་ནས། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་། མཚོ་ནུབ་ཁུལ། ཁེ་ལས་བཅས་དང་མཉམ་དུ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

ཀྲང་ཞའོ་རུང་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།