ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་བསྡུས་པ་དང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5ཚེས9ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་དང་། རོང་འབྲོག་ས་ཁུལ་གྱི་ཆུ་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་ཁྱབ་སྤེལ་གཏོང་བ་དང་། ས་གཏེར་རྩད་ཞིབ་སོགས་ཀྱི་བྱ་བ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས། 

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུའི་ཐོག་ཟླ4ཚེས28ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་པའི་སྐབས་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན། ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭ་ཞིག་གི་འབར་གས་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་ཁོང་དུ་ཆུད་པ་དང་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཚིགས་གཉིས་པའི“ཕྱེད་ཀ་ལས་བརྒལ་བ”ལ་གདོང་མཆོང་གང་ཐུབ་བྱས་ནས་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཀྱི་རྨང་གཞི་བརྟན་པོ་གཏོང་དགོས། གནོད་འགོག་གེགས་སེལ་གནོད་སྐྱོབ་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་དགོས།  རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་གསར་སྤེལ་ནས་གྲུབ་འབྲས་སུ་བསྒྱུར་བའི་གསར་གཏོད་སྦྲེལ་ཐག་གསར་གཏོད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཏན་ཏིག་ཏུ་བཏང་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ཏེ་མུ་མཐུད་དུ་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་བསྐྲུན་དགོས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབྱི་ཝུའུ་འཕེལ་རྒྱས་ཀྱི་ཉམས་མྱོང་”ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི། ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་སྤྲིངས་པའི་འཕྲིན་ལན་གལ་ཆེན་བཅས་ལ་བརྒྱུད་བསྒྲགས་སློབ་སྦྱོང་བྱས།  ནན་གྱིས་བསྟན་དོན། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས། ཡུལ་བབ་དང་བསྟུན་ཏེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བཏང་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་ཐད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་དཀའ་སྤྱད་དོན་གཉེར་དང་ལས་བཀུར་སྐྱེས་འབུལ་བྱ་བར་སྐུལ་སློང་བྱས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ལ་ཕུགས་བསམ་ཆེན་པོ་བཅངས་ནས་འབད་བརྩོན་ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལང་ཚོའི་སྟོབས་ཤུགས་འབུལ་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཚད་གཞི་དེ་བས་མཐོ་བའི་སྒོ་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་རྣམ་གྲངས་ཇུས་འགོད་ཀྱི་སྤུས་ཚད་དང་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་མཐོ་རུ་ཏན་ཏིག་བཏང་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་རགས་བརྟན་པོར་བསྐྲུན་དགོས། རོང་འབྲོག་ས་ཁུལ་གྱི་ཆུ་མཁོ་སྤྲོད་ཇེ་ལེགས་དང་འགག་སྒྲོལ་བྱ་འགུལ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བློ་སེམས་བདེ་བའི་ཆུ་འཐུང་ཐུབ་པར་འགན་ལེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་བར་བརྒལ་དུས་སྐབས་དེ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ཕྱོགས་སུ་བརྟན་བརླིང་རིམ་ལྡན་དང་། བྱ་བའི་རྒྱུན་མཐུད་ལ་སྟོབས་ཤུགས་ཀྱིས་ཁེངས་པར་འགན་ལེན་བྱ་དགོས། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་ལ་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་ནས། ཐོན་ལས་འཕེལ་རྒྱས་དང་ངལ་ལས་མཉམ་ལས། འཛད་སྤྱོད་རོགས་སྐྱོར། ཤེས་ལྡན་མི་སྣ་སྤེལ་རེས་སོགས་གཙོ་གནད་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ། ཞིང་སྡེ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་རོགས་འདེགས་བྱེད་དགོས། རེས་སྐོར་གསར་པའི་གཏེར་ཁ་གསར་རྙེད་འཐབ་ཇུས་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱལ་ཁབ་ཀྱི་ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

ཚོགས་འདུའི་ཐོག《2025ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་གྱི་སྐུད་མེད་གློག་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་བསྡུར་བྱས་ཏེ་རྩ་དོན་ཐོག་གྲོས་འཆམ་བྱུང་ནས། གོ་རིམ་ལྟར་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་ཞུ་སྤྲོད་བྱ་རྒྱུ་བྱས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།