“ལྔ་གཅིག”གུང་གསེང་སྐབས་སུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་ཁྱོན་བསྡོམས་མི་ཐེངས་འབུམ་གཅིག་དང་ཁྲི་གཅིག་སྟོང་གཅིག་བཞི་བརྒྱ་སྣེ་ལེན་ཞུས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གྲངས་ཆུང་གསུམ་བརྒྱད་འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་འབུམ་ལྔ་ཁྲི་གཉིས་སྟོང་གཅིག་ཉིས་བརྒྱ་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གྲངས་ཆུང་བརྒྱད་དགུ་འཕར་ཡོད། ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ45ཚང་མ་དུས་མཉམ་གཅིག་ཏུ་སྒོ་ཕྱེ་ནས། སྤྱིའི་སྣེ་ལེན་ཚད་མི་ཐེངས་ཁྲི9ལས་བརྒལ། མེ་ལྷ་གངས་དཀར་རི་བོའི་མཛེས་ལྗོངས་ཁུལ་གྱིས་སྣེ་ལེན་ཚད་མི་ཐེངས་ཁྲི་གཉིས་དང་སྟོང་དྲུག་ཉིས་བརྒྱ་ཉེར་གསུམ་ལ་སླེབས་པ་དང་། ཚོང་གཉེར་ཡོང་འབབ་སྒོར་འབུམ་དྲུག་དང་ཁྲི་དྲུག་སྟོང་དགུ་བཞི་བརྒྱར་སླེབས་ནས་ཁུལ་ཡོངས་ཀྱི་རྩེ་མོར་སོན་པ་དང་། བཙུན་མོ་དམར་ཡག་མ་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བའི་འགྲུལ་རྒྱུན་བརྟན་པོ་ཡིན་པར་མ་ཟད། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་བག་ཤུགས་མགྱོགས་མྱུར་ངང་ཕྱིར་མངོན་ཐུབ་ཡོད།
“ལྔ་གཅིག”གུང་གསེང་རིང་ལ། མཚོ་བྱང་ཁུལ་གྱིས་མཚར་སྡུག་མཚོ་བྱང་གི་ཉིན5རིང་གི་སྤུས་ལེགས་སྐོར་ལམ་ཆུང་བ་དང་དེ་བཞིན་བརྗོད་དོན་ལམ་ཐིག་ཆེན་པོ7དངོས་སུ་བཏོན་པ་དང་། མཚོ་སྔོན་པོའི་རྟ་རྒྱུག་འགྲན་བསྡུར་སྐབས་གསུམ་པའི་སྤེལ་རེས་ཚོགས་ཆེན་དང་། མཚོ་སྔོན་པོའི་འདབ་ཆགས་ལ་ལྟ་བའི་དུས་ཚིགས། མེ་ལྷ་གངས་དཀར་རི་བོའི་མདའ་འཕེན་གདན་ཞུའི་འགྲན་བསྡུར་སོགས་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་བྱེད་སྒོ65རེས་མོས་ཀྱིས་སྤེལ། རིག་གནས་ཡུལ་སྐོར་གྲུབ་འབྲས་འོས་སྦྱོར་འགྲེམ་སྟོན་གྱིས“ཡུལ་དངོས་འགྲེམ་སྟོན་དང་དྲ་ལམ་ཐད་གཏོང”གི་ཐབས་ལམ་སྤྱད་དེ། “སྐྱེ་ཁམས་དང་གསར་བརྗེ། དམངས་སྲོལ། ཁམས་གསོ”བཅས་སྣ་མང་རིག་གནས་ཡུལ་སྐོར་གྱི་རྣམ་པ་མགྱོགས་མྱུར་ངང་གྲུབ་པར་བྱས། ས་གནས་སོ་སོས་ཁྱད་སྟོབས་ལྡན་ཞིང་བྲོ་བཅུད་ཕུན་སུམ་ཚོགས་པའི་ཟ་མ་ཞིམ་པོའི་འཐབ་ཇུས་སྒྲོག་སྤེལ་བྱས་ཏེ། མིན་ཡོན་གྱི་སྔོ་ཉོག་དང་མདོ་ལའི་ལུག་རྩིབ་སླང་བསྲེགས་མ། རྐང་ཚའི་ཤ་མོག མདའ་བཞིའི་ནོར་གནག་གི་རུས་ཁུ་སོགས་མཐོ་སྒང་གི་ཁྱད་ལྡན་ཟས་རིགས10ལྷག་གཅིག་སྡུད་སྒོས་འོས་སྦྱོར་བྱས་ཏེ། “མཛེས་ལྗོངས་དང་ཞིམ་ཟས”ལ་བརྟེན་ནས། ཡུལ་སྐོར་བའི་འདུག་ཡུན་སྔར་ལས་ཇེ་རིང་དུ་བཏང་བ་དང་། ཟས་རིགས་འཛད་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་།
མཚོ་བྱང་ཁུལ་གྱིས་དམངས་ཕན་དང་དམངས་ལ་སྟབས་བདེ་བཟོ་བའི་བྱེད་ཐབས་མང་པོ་དོན་འཁྱོལ་བྱས་ཏེ། སྒུལ་འཁོར་དང་འགྲུལ་སྐྱེལ་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། ཕྱིར་སྐྱོད་ཕྱོགས་སྟོན་སྒྲོག་སྤེལ་བྱས་ཏེ། འགྲུལ་སྐྱེལ་ཐེངས་གྲངས་སྔར་ལས་ཇེ་མང་དུ་བཏང་བ་དང་། གནས་སྐབས་རིང་གི་རླངས་འཁོར་འཇོག་ས་སྔར་ལས་ཇེ་མང་དུ་བཏང་། མཛེས་ལྗོངས་ཁུལ་སོ་སོས་རིན་མི་དགོས་པར་རླངས་འཁོར་འཇོག་ས་བཀོད་སྒྲིག་དང་། ཆུ་ཁོལ་དང་བཅའ་སྒའི་ཇ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པར་བརྟེན། ཡུལ་སྐོར་བ་ཕར་འགྲོ་ཚུར་ཡོང་བྱེད་རིང་སྔར་ལས་སྐྱིད་སྣང་དང་བདེ་སྣང་གིས་ཁྱབ་པར་བྱས།