ཟླ5པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱིས་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམས་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བའི2026ལོའི་གཙོ་གནད་བྱ་བའི་ལས་འགན》ཞེས་པ་དངོས་སུ་དཔར་འགྲེམ་བྱས་ཏེ། ད་ལོའི་གཙོ་གནད་བྱ་བར་ཕྱོགས་ཡོངས་ནས་གཅིག་འདོམས་བཀོད་སྒྲིག་བྱས་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམས་འཛུགས་སྐྲུན་བྱེད་རྒྱུ་དེར་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ་འགོ་ལེགས་པོ་རྩོམ་པར་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། གཙོ་གནད་བྱ་བའི་ལས་འགན་ལས་རྩེ་རིམ་ཇུས་འགོད་དང་ཐོན་ལས་མཐུན་སྦྱོར། སྐྱེ་ཁམས་མཉམ་སྲུང་སོགས་ཕྱོགས་ཆེན་པོ་བདུན་ལ་དམིགས་ནས་ཞིབ་ཕྲའི་དོན་འཁྱོལ་ལས་འགན་ཉེར་དྲུག་གཏན་འཁེལ་གསལ་བོ་བྱས་པ་དང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི“1+1+3+10”ཡི་མཉམ་ལས་གྲོས་ཡིག་དང་གནད་འཁེལ་སྦྲེལ་མཐུད་བྱས་ལ། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་དམིགས་ནས། མཐུན་སྦྱོར་འཕེལ་རྒྱས་ཀྱི་དཀའ་གནད་དང་འགག་གནད་ཐག་གཅོད་ལེགས་པོ་བྱས་ཏེ། ཐོན་ཁུངས་བདག་རྐྱེན་ཆོད་ཆེའི་འཁོར་རྒྱུག་བྱེད་པ་དང་དགེ་མཚན་གསབ་རེས་བྱེད་པར་སྐུལ་འདེད་བཏང་།
ས་གནས་གཉིས་ཀྱིས་འཆར་འགོད་སྦྲེལ་མཐུད་ལ་གཅིག་འདོམས་བྱས་ཏེ། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་ལག་བསྟར་ཇུས་གཞི་མཉམ་དུ་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། འཆར་འགོད་སྣ་ཚོགས་ནུས་ལྡན་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། འགྲིམ་འགྲུལ་ལས་གཞི་གལ་ཆེན་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་འགོད་ནང་ཚུད་པར་མཉམ་དུ་བརྩོན་ལེན་བྱས། ཐོན་ལས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཐོན་ལས་མུ་ཕྲེང་གི་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྗས་ཀྱི་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་བསྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་གཏོང་བ། ཚན་རྩལ་གསར་གཏོད་མཉམ་འགུལ་ལ་ཤུགས་སྣོན་པ། ལྗང་མདོག་རྩིས་ནུས་ཐོན་ལས་ལ་བཀོད་སྒྲིག་བྱེད་པ། གསར་དར་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་དགེ་མཚན་ཐོན་ལས་འདུས་ཚོགས་བསྐྲུན། སྐྱེ་ཁམས་མཉམ་སྲུང་ལ་ཤུགས་བཏོན་ནས་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་མཉམ་དུ་བསྐྲུན་པ་དང་། ཞིང་ཆེན་བརྒལ་བའི་སྐྱེ་ཁམས་མཉམ་འགོག་མཉམ་བཅོས་དང་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བེད་མེད་སྙིགས་རྫས་ཀྱི་འཁོར་སྐྱོད་བེད་སྤྱོད་ལ་སྐུལ་འདེད་གཏོང་བཅས་བྱས་ནས། ལྗང་མདོག་ཐཱན་ཉུང་གི་འཚོ་བ་རོལ་སྟངས་དར་སྤེལ་བཏང་། སྒྲིག་བཀོད་མཉམ་སྦྲེལ་ལ་སྐུལ་འདེད་བཏང་ནས། འགྲིམ་འགྲུལ་དང་གྲངས་ཀ ཟོང་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ། ཕྱི་ནང་མཉམ་འབྲེལ་གྱི་འདེགས་སྐྱོར་མ་ལག་བསྐྲུན། ཞབས་ཞུ་མཉམ་སྤྱོད་ལ་སྐུལ་སྤེལ་བཏང་ནས། སློབ་གསོ་དང་སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ས་ཁོངས་ཀྱི་དམངས་འཚོའི་འགན་སྲུང་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་། སྒོ་འབྱེད་སྟེགས་བུ་འཛུགས་སྐྲུན་ལེགས་པོ་བྱས་ཏེ། རྒྱལ་ནང་གི་ས་ཁོངས་མཐུན་སྦྱོར་དང་ཕྱི་ནང་མཉམ་འགུལ་གྱི་ཐབས་ལམ་རྒྱ་བསྐྱེད་ནས། ནུབ་ཕྱོགས་སུ་སྒོ་འབྱེད་བྱེད་པའི་ནུས་རིམ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། འབྲེལ་མཚམས་མཉམ་འགུལ་ལ་ཤུགས་བསྣན་ནས། ཧུང་ཀུའུ་དང་མིན་ཧོ་སྔོན་སྐྱོད་ས་ཁུལ་གྱི་འཛུགས་སྐྲུན་མགྱོགས་མྱུར་སྐུལ་འདེད་བཏང་ནས། འབྲེལ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་ཐོན་ཁུངས་མཐུན་སྦྱོར་གསར་སྤེལ་བེད་སྤྱོད་ལ་སྐུལ་སྤེལ་བཏང་།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམས་འཛུགས་སྐྲུན་བྱེད་པའི་ཞིང་ཆེན་བར་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་པ། བདག་རྐྱེན་འགན་སྲུང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས2026ལོའི་གཙོ་གནད་ལས་འགན་སོ་སོ་དོན་འཁྱོལ་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་བ་དང་། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམས་ཀྱི་ཕྱོགས་བསྡུས་ཐེག་ནུས་དང་། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ནུས་ཆེན་པོ་སྣོན་རྒྱུ་རེད།