སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནུས་ཁུངས་འགན་སྲུང་དང་བདེ་འཇགས་ལས་དོན་དེ་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པས། གཏན་ནས་སྣང་མེད་དུ་འཇོག་མི་རུང་བའི“རྒྱལ་དོན་གྱི་ཆེ་ཕྱོགས”ཤིག་ཡིན། དེང་སྐབས། རང་རྒྱལ་གྱིས་རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དག་གཙང་ནུས་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་གཙང་ནུས་ཁུངས་བེད་སྤྱོད་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས། ནུས་ཁུངས་བདེ་འཇགས་ཀྱི་མཉེན་གཤིས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།
ད་ལྟའི་ཀྲུང་གོའི་ནུས་ཁུངས་ཀྱི་མངའ་ཁོངས་སུ། ལྗང་མདོག་གི་སྒུལ་ཤུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བཞིན་ཡོད།
མཚོ་ཐོག་ཏུ། སྨི153ཡོད་པའི་རླུང་འཁོར་གྱིས་སྐོར་བ་གཅིག་བརྒྱབ་ན། གློག་ཏུའུ62འདོན་ཐུབ། ཉིན་གཅིག་གི་དུས་ཡུན་ནང་། རྒྱལ་ཡོངས་ཀྱི་རླུང་འཁོར་ཚང་མས་བཏོན་པའི་གློག་གིས་མི་འབོར་བྱེ་བ་གཉིས་ཅན་གྱི་གྲོང་ཁྱེར་ཆེ་གྲས་ཤིག་གི་སྡོད་དམངས་ཀྱི་ཟླ་གཅིག་གི་གློག་སྤྱོད་ལ་ཁག་ཐེག་བྱེད་ཐུབ་པ་མ་ཟད། ནུས་ཁུངས་གསར་པའི་རླངས་འཁོར་ས་ཡ་གཉིས་སུམ་འབུམ་བརྒྱད་ཁྲི་ཡི་བཟོ་སྐྲུན་ལའང་འདེགས་སྐྱོར་བྱེད་ཐུབ། ད་ལྟ། རྒྱལ་ཡོངས་སུ་གློག་ཏུའུ10རེ་འདོན་ཐེངས་རེར། དེའི་ནང་གི་གློག་ཏུའུ4བསྐྱར་འབྱུང་ནུས་ཁུངས་ཀྱིས་བཏོན་པ་ཡིན།
2012ལོ་ནས2021ལོའི་བར། ལོ་བཅུ་ཡང་མ་འགོར་བར། རང་རྒྱལ་གྱི་བསྐྱར་འབྱུང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ལྡབ2ལྷག་འཕར་བ་དང་། ཏུའུ་ཐེར་འབུམ་གཅིག་ལས་བརྒལ་ཏེ། གོ་ལ་ཧྲིལ་པོའི་བསྐྱར་འབྱུང་ནུས་ཁུངས་ཆེ་ཤོས་ཀྱི་མ་ལག་ཅིག་བསྐྲུན། 2023ལོར་སླེབས་དུས། རང་རྒྱལ་གྱི་བསྐྱར་འབྱུང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་གློག་ཤུགས་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཟིན་པའི་བསྡུར་ཚད་ཐོག་དང་པོར་ཕྱེད་ཀ་ལས་བརྒལ་ཏེ། ལོ་རྒྱུས་རང་བཞིན་གྱི་མེ་གློག་ལས་བརྒལ། མིག་སྔར། རྒྱལ་ཡོངས་སུ་བསྐྱར་འབྱུང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཏུའུ་ཐེར་འབུམ་གཉིས་དུང་ཕྱུར་བཞི་ལ་ཉེ་བ་ཟིན་ཞིང་། གོ་ལ་ཧྲིལ་པོའི་བསྐྱར་འབྱུང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི་ཕྱེད་ཀ་ཙམ་ཟིན་ལ། རང་རྒྱལ་གྱི་ནུས་ཁུངས་རང་མཁོ་རང་སྤྲོད་ཐུབ་ཚད80%ཡན་དུ་བརྟན་པོར་སྲུང་འཛིན་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱས། རྒྱལ་སྤྱིའི་བས་མཐའི་ཆབ་སྲིད་ཉེན་ཁ་བསྟུད་མར་བྱུང་བ་དང་། གོ་ལ་ཧྲིལ་པོའི་ནུས་ཁུངས་མཁོ་སྤྲོད་འགོག་རྐྱེན་ལ་འཕྲད་པའི་གནས་བབ་འོག ཀྲུང་གོས་མཉེན་གཤིས་ཆེས་ཆེར་ལྡན་པའི་ལྗང་མདོག་ནུས་ཁུངས་ཀྱི་རྒྱུགས་ལན་ཞིག་སྤྲད།
ནུས་ཁུངས་བདེ་འཇགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། སྔོན་ཆད2014ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་འཕེལ་རྒྱས་དང་བདེ་འཇགས་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ནུས་ཁུངས་འཛད་སྤྱོད་ཀྱི་གསར་བརྗེ་དང་། ནུས་ཁུངས་མཁོ་སྤྲོད་ཀྱི་གསར་བརྗེ། ནུས་ཁུངས་ལག་རྩལ་གྱི་གསར་བརྗེ། ནུས་ཁུངས་སྒྲིག་སྲོལ་གྱི་གསར་བརྗེ་དང་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་མཉམ་ལས་ཇེ་དྲག་ཏུ་གཏོང་བའི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཅས་ཐོག་མར་བཏོན། ལོ་མང་པོའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་། ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པའི་ནང་དོན་དང་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རང་རྒྱལ་གྱི་ནུས་ཁུངས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་འབྱུང་བ་དང་རྣམ་པ་གསར་པ་གཏོད་རྒྱུར་ཁྲིད་སྟོན་བྱས། ཁོང་གིས་དག་གཙང་ཐཱན་ཉུང་དང་བདེ་འཇགས་ཆོད་ཆེའི་ནུས་ཁུངས་མ་ལག་ཅིག་གང་མགྱོགས་སྒོས་བསྐྲུན་རྒྱུ་ནི། རང་རྒྱལ་གྱི་ནུས་ཁུངས་གསར་བརྗེ་ཡི་གཙོ་རྒོལ་ཁ་ཕྱོགས་ཡིན་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་ཚུགས་ནས། སྔོན་ལ་བཙུགས་ནས་རྗེས་སུ་གཏོར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་མ་ལག་གསར་པ་འཆར་འགོད་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། ནུས་ཁུངས་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་བསྟན། ཡུན་རིང་མ་འགོར་བའི་སྔོན་ལ། ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས། ཁོང་གིས་ནན་གྱིས་བསྟན་དོན། ནུས་ཁུངས་གནད་དོན་ནི་འཕེལ་རྒྱས་ཁྲོད་ཀྱི་འཐབ་ཇུས་གནད་དོན་ཡིན་ལ། ང་ཚོས་སྔོན་ལ་རླུང་གློག་དང་འོད་བརྟེན་གསར་སྤེལ་བྱས་ཤིང་། བགྲོད་ཀྱིན་པའི་ལམ་དེར་ད་ལྟ་བལྟས་ན་མཐོང་རྒྱ་ཡངས་པ་རེད། དུས་མཚུངས་སུ་སོལ་གློག་ནི་ང་ཚོའི་ནུས་ཁུངས་ཀྱི་མ་རྩ་ལྟ་བུ་ཡིན་པས། ཞབས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ངེས་པར་དུ་དག་གཙང་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ལོ་གསར་བའི་ཚུན་ལ། རང་རྒྱལ་གྱི་དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་ཕྱིན། བོད་ལྗོངས་ནག་ཆུ་རུ། ཀྲའོ་ཝ100ཅན་གྱི་འོད་དྲོད་གློག་འདོན་ས་ཚིགས་ཤིག་ཨར་ལས་ཀྱི་འགག་རྩའི་དུས་སུ་སླེབས་པ་དང་། མེ་ལོང་ཆེན་པོ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་ཉེར་བདུན་ཡོངས་སུ་སྒྲིག་སྦྱོར་བྱས་ཚར་རུང་ཡིན། འདི་བསྐྲུན་ནས་ལེགས་གྲུབ་བྱུང་རྗེས། ལོ་རེར་དག་གཙང་གློག་ནུས་ཏུའུ་དུང་ཕྱུར་གཉིས་བྱེ་བ་དྲུག་འདོན་ཐུབ། ད་ལོར། མཚོ་ཐོག་གི་རླུང་གློག་རྟེན་གཞི་དང་། མཚོ་རྒྱུད་ཀྱི་ཉིང་གློག་རྟེན་གཞི། “བྱང་གསུམ”རླུང་གློག་འོད་བརྟེན་རྟེན་གཞི་སོགས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང་བཀོད་སྒྲིག་བྱས་པའི་དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་བཅས་བསྐྲུན་རྒྱུ་རེད། ས་འགོ་མཐོ་བའི་ཕྱོགས་སུ་བསྐྱོད་དེ། འོད་བརྟེན་པང་ལེབ་སྨི་བཞི་སྟོང་ཡན་གྱི་གངས་ལྗོངས་མཐོ་སྒང་དུ་འཛུགས་ངེས། གཏིང་རིམ་རྒྱ་མཚོའི་ཕྱོགས་སུ་འགག་སྒྲོལ་བྱས་ཏེ། རླུང་འཁོར་ཆེན་པོ་སྤྱི་ལེ་བརྒྱ་ཙམ་གྱི་རྒྱང་རིང་རྒྱ་མཚོར་བསྐྱོད་ནས། དག་གཙང་ནུས་ཁུངས་ཀྱི་མཁོ་སྤྲོད་ནུས་པ་བསྟུད་མར་ཆེ་རུ་ཕྱིན།
ད་ལྟ། སྔོན་ཆད་མི་མེད་ལུང་སྟོང་དུ་གནས་པའི་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་ལྗང་མདོག་གི་གློག་འདོན་ར་བ་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད། རླུང་དང་འོད་སོགས་ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱིས་ཟིན་པའི་བསྡུར་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་བསྟུན་ནས། གློག་འདོན་སྣེ་མོ་ནས་གློག་སྤྱོད་སྣེ་མོའི་འགག་རྩ་དེ་གཏོར་ཏེ། ནུས་ཁུངས་གསར་པ་སྐྱེལ་ཐུབ་པ་དང་བེད་སྤྱོད་ཡག་པོ་ཐུབ་པར་འགན་ལེན་ཇི་ལྟར་བྱེད་དམ།
ད་ལོར་གློག་ཤུགས་སྐྱེལ་འདྲེན་རྒྱུ་ལམ་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་ཕྱིན། མིག་སྔར། བོད་ལྗོངས་ནས་ཀོང་ཏུང་གི་ཐད་རྒྱུག་བཟོ་སྐྲུན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་བཞིན་ཡོད། གོ་ལ་ཧྲིལ་པོའི་ས་འགོ་ཆེས་མཐོ་བའི་དམིགས་བསལ་མཐོ་གནོན་བཟོ་སྐྲུན་འདིར་ཧའོ་སྐར་ཆ9ལས་མི་འགོར་བར། མདོ་དབུས་མཐོ་སྒང་གི་ལྗང་མདོག་གློག་ཤུགས་དེ། སྤྱི་ལེ2600ལྷག་གི་སར་ཡོད་པའི་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོར་སྐྱེལ་ཐུབ། མིག་སྔར། རང་རྒྱལ་གྱི་དམིགས་བསལ་མཐོ་གནོན་སྐུད་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི་དྲུག་ལས་བརྒལ། “གློག་ཤུགས་མྱུར་ལམ”རེ་རེ་རི་ཀླུང་བརྒལ་ནས་རྨ་ནུབ་དོག་ལམ་གྱི་རླུང་གློག་དང་། ཇུན་གར་གཤོང་སའི་ཉི་ནུས། འབྲི་ཆུའི་ཆུ་གློག་བཅས་གློག་གི་དགོས་མཁོ་ཧ་ཅང་ཆེ་བའི་དབུས་ཤར་ས་ཁུལ་དུ་བསྐྱལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། རང་རྒྱལ་གྱི་གློག་དྲའི་དངུལ་གཏོང“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལས40%ཡས་མས་འཕར་རྒྱུ་དང་། རིམ་འདས་གློག་དྲ་འདིས་ལོ་གཅིག་རིང་རང་རྒྱལ་གྱི་ཆུ་ཚོད་རེར་ཏུའུ་རབ་བཀྲམ་གཅིག་ལྷག་གི་གློག་སྤྱོད་དགོས་མཁོར་འདེགས་སྐྱོར་ཆེན་པོ་བྱ་རྒྱུ་རེད།
ད་ལོའི་ཚུན་དུ། རང་རྒྱལ་གྱིས་ནུས་གསོག་ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་། མིག་སྔར། རྒྱལ་ཡོངས་ཀྱི་ཞིབ་མཆན་བཀོད་དེ་སྐྲུན་བཞིན་པའི་ཆུ་འཐེན་ནུས་གསོག་གཞི་ཁྱོན་ཏུའུ་དུང་ཕྱུར་གཉིས་ལྷག་ཟིན་ནས། གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས། ནུས་གསོག་ལག་རྩལ་གསར་པ་གནས་གཅིག་ནས་གནས་མང་པོར་ཁྱབ། ལིས་གྱེས་རྡུལ་གློག་རྫས་ཀྱི་ནུས་གསོག་དང་། མཁའ་རླུང་གི་ནུས་གསོག་གནོན་བཙིར་སོགས་ནུས་གསོག་ལག་རྩལ་གསར་པ་སྣ་ཚོགས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ནས། ནུས་ཁུངས་གསར་པའི་བསྡུ་ཉར་གཙང་སེལ་ལ་སྐུལ་སྤེལ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན།
རང་རྒྱལ་གྱིས་ད་དུང་ལྗང་གློག་ཐད་སྦྲེལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། རླུང་དང་འོད་སོགས་ནུས་ཁུངས་གསར་པ་དེ་ཐག་ཉེ་སར་ཆོས་ཆེའི་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་། ད་ལྟ། གཞི་གྲངས་ལྟེ་གནས་ཀྱི80%ཡི་གློག་སྤྱོད་དགོས་མཁོ་དེ་ལྗང་གློག་གིས་ཐད་ཀར་མཁོ་འདོན་བྱས་ཆོག
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཁྲོད་བསྟན་དོན། ནུས་ཁུངས་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། 2035ལོར་སླེབས་སྐབས། རང་རྒྱལ་གྱི་འགྱུར་རྡོ་མིན་པའི་ནུས་ཁུངས་མཁོ་སྤྲོད་གཞི་ཁྱོན་དེ་ད་ལྟའི་རྨང་གཞིའི་ཐོག་ལྡབ་གཅིག་འཕར་དགོས། ལྗང་མདོག་ནུས་ཁུངས་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནུས་ཁུངས་རྨང་གཞི་བརྟན་པོ་འདིང་དགོས།