མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁེ་ལས་ཀྱི་སྤུས་འདེགས་རིམ་སྤར་ལ་རོགས་རམ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གཙོ་གནད་བཟོ་ལས་ཀྱི་ཐོན་རྫས་སྤུས་ཚད་ཀྱི་བདེ་འཇགས་འགོག་ཐིག་བརྟན་པོར་གཏོང་ཆེད་དང་། དམངས་འཚོའི་བདེ་འཇགས་དང་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ཚད་མཐའ་བརྟན་པོར་སྲུང་ཆེད། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟི་ལིང་གྲོང་ཁྱེར་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཐོན་སྐྱེད་ཁེ་ལས་མང་པོའི་ཡུལ་དངོས་སུ་རྟོག་ཞིབ་བྱས། ཁེ་ལས་ཀྱི་སྤུས་ཚད་འཛིན་སྡོམ་ཐད་གྱི་མི་འདང་ས་དང་ཐོན་སྐྱེད་བདག་གཉེར་གྱི་དོན་དངོས་དཀའ་གནད་ཐག་ཉེ་ནས་གསལ་རྟོགས་བྱས་ཏེ། ཁེ་ལས་ཀྱི་རེ་ཞུ་དང་རེ་ལྟོས་ལ་ཡུལ་དངོས་ནས་ཉན་ཞིང་། གནད་འཁེལ་ཇུས་བསྟར་དང་བརྩེ་སེམས་རོགས་སྐྱོར་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་འཕེལ་རྒྱས་ཇེ་བརྟན་དུ་བཏང་།

ཟི་ལིང་དམིགས་བསལ་རྣོ་ལྕགས་མ་རྐང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་མདོ་ལ་རིང་མོའི་ཨར་འདམ་ཚད་ཡོད་ཀུང་ཟི་རུ། ལྟ་སྐུལ་དོ་དམ་མི་སྣས་གཙོ་གནད་བཟོ་སྐྲུན་གྱི་སྤུས་ཚད་འགན་སྲུང་དང་། གཙོ་གནད་ལས་གཞིའི་དག་ཐེར། བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་འཛིན་སྡོམ་སོགས་གཙོ་གནད་དམིགས་སུ་བཟུང་སྟེ། ཐོན་སྐྱེད་ལས་ཡུལ་དང་པོར་ཟབ་ཞུགས་བྱས་ཏེ་འཛིན་སྡོམ་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། གནད་དོན་དག་ཐེར་གྱི་གྲུབ་འབྲས་དོན་ཚན་རེ་རེར་ཞིབ་བཤེར་བྱས། ཁེ་ལས་ཀྱི་ཐཱན་འདུས་དཔང་ལེན་དང་། ཚད་གཞི་གཏན་འབེབས་སོགས་ཀྱི་རེ་ཞུར་དམིགས་ཏེ། ཡུལ་དངོས་ནས་ཆེད་ལས་མཛུབ་སྟོན་འདོན་སྤྲོད་བྱས་ཤིང་། ཁེ་ལས་ཀྱིས་ལག་རྩལ་གྱི་དགེ་མཚན་ལ་གཞི་བཅོལ་ནས་རྒྱལ་ཁབ་དང་། ལས་རིས་ཚད་གཞིའི་ལམ་ལུགས་དག་བཅོས་བྱེད་པའི་ཁྲོད་ཞུགས་པར་སྐུལ་མ་བཏང་ནས། སྲོག་ཤིང་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་།

རྟ་ཐང་རྫོང་ཞིན་ཐུང་གྱོན་ཆས་ཚད་ཡོད་འགན་འཁྲིའི་ཀུང་ཟི་རུ། སློབ་མའི་སློབ་ལྭའི་སྤུས་ཚད་བདེ་འཇགས་དང་ཐོན་སྐྱེད་ཞིབ་དཔྱད་འཛིན་སྡོམ་བྱ་བ་གཙོར་བཟུང་ནས་ཞིབ་བཤེར་བྱས་ཤིང་། ཁེ་ལས་ཀྱིས་གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱེད་པར་སྐུལ་འདེད་བཏང་ཞིང་། དུས་མཉམ་དུ་ཞིབ་བཤེར་ཚད་ལེན་གྱི་འཁོར་ཡུན་རིང་ཞིང་མ་རྩ་མཐོ་བའི་གནད་དོན་ཟིན་ཐོར་བཀོད་ནས། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་གྱིས་མྱུར་དུ་ཐག་གཅོད་བྱས་ཏེ་སློབ་མའི་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་རེད། རྟ་ཐང་རྫོང་ལུའུ་ཐུང་བཟོ་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་ཟི་རུ། རྒྱལ་ཁབ་འཐེན་བཤེར་གྱི་ཚད་གཞི་མི་ལོངས་པའི་གནད་དོན་དག་ཐེར་གནས་ཚུལ་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱས་ཤིང་། ཁེ་ལས་ཀྱིས་བཟོ་རྩལ་ལེགས་སྒྱུར་དང་འཛིན་སྡོམ་རིམ་སྤར་ལེགས་འགྲུབ་བྱས་པ་ཁག་ཐེག་བྱས་རྗེས། ཁེ་ལས་ལ་སྤུས་ཚད་ཀྱི་ཚད་མཐའ་ནན་སྲུང་དང་རང་བཤེར་རང་སྡོམ་ཤུགས་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།