ཟླ5པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་བསྒྲགས་པ་ལྟར་ན། ཟླ4པའི་ཚེས20ཉིན་པེ་ཅིང་དུ་བསྡུས་པའི2026ལོའི་ཀྲུང་གོའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་མཐོ་རིམ་གླེང་སྟེགས་སྟེང་། མཚོ་སྔོན་རེབ་གོང་ཐང་ག་ནི་ཞིང་ཆེན་ཡོངས་ཀྱི་ཚབ་མཚོན་གཅིག་པུ་ཡིན་པའི་ཆ་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན་དྲུག་གི་གཟུགས་འདས་ཤུལ་བཞག་རིག་གནས་སྤུས་ལེགས་བརྩམས་ཆོས་ཀྱི་མིང་ཐོའི་ཁྲོད་ཚུད་པར་མ་ཟད་གླེང་སྟེགས་ལ་ཞུགས། རེབ་གོང་ཐང་གའི་ཞིབ་ཚགས་ཀྱི་ལྷ་རིས་འབྲི་རྩལ་དང་མངོན་གསལ་དོད་པའི་བོད་ལུགས་ཁྱད་ཆོས་ཀྱིས་ཚོགས་ཞུགས་མི་སྣའི་ཡིད་དབང་བཀུག་སྟེ་བསམ་བློ་བརྗེ་རེས་དང་འདྲི་ཞིབ་བྱེད་མཁན་མང་པོ་ཡོད།
ཐེངས་འདིའི་གླེང་སྟེགས་ལས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་དམིགས་ནས“གཅིག་རྒྱུན་གཅིག་འཛིན་དང་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད”ཅེས་པའི་ཡན་ལག་གླེང་སྟེགས་བསྡུས། མཚོ་སྔོན་གྱིས་རེབ་གོང་ཐང་གའི་སྤུས་ལེགས་བརྩམས་ཆོས་མང་པོ་ཁྱེར་ཡོང་ཡོད་པ་དང་། རྒྱུན་འཛིན་པས་ཡུལ་དངོས་ནས་ཐང་གའི་འབྲི་རྩལ་ངོམས་པར་མ་ཟད། གཏེར་དངོས་ཚོན་རྩི་སྡེབ་སྦྱོར་དང་རི་མོའི་གོ་དོན་སོགས་ཞིབ་འགྲེལ་བྱས་ཏེ། རེབ་གོང་ཐང་གའི་ཐུན་མོང་མ་ཡིན་པའི་རི་མོའི་མ་ལག་དང་རིག་གནས་ཀྱི་རྨང་མཐུག་པོ་མངོན་པར་བྱས་ཤིང་། ཉེ་བའི་ལོ་འགའི་རིང་གི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཐད་ཀྱི་གྲུབ་འབྲས་བཟང་བོ་མངོན་པར་བྱས། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་སྙིང་འབུམ་གྱིས་རང་སྟེང་གི་ཉམས་མྱོང་དང་ཟུང་འབྲེལ་སྒོས། ཤེས་བྱའི་ཐོན་དབང་ལ་བརྟེན་ནས་ཐང་གའི་ཚད་ལྡན་རྒྱུན་འཛིན་དང་། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་མཉམ་སྤྱོད་བྱས་པ་དང་། ཡུལ་དངོས་ཀྱི་སྐུ་མགྲོན་རྣམས་ཀྱིས་ནན་ཏན་གྱིས་ཉན་པར་མ་ཟད་ཁས་ལེན་གང་ལེགས་བྱས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས《རེབ་གོང་ཐང་གའི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཚད་གཞི》གཏན་འབེབས་བྱས་ཏེ། ས་ཁམས་མཚོན་རྟགས་བཀོལ་སྤྱོད་ཚད་ལྡན་དུ་བཏང་ནས། སྤུས་ཚད་ཁུངས་འདེད་མ་ལག་བཙུགས། མིག་སྔར་འབྲེལ་ཡོད་ཚོང་རྟགས་ཞེ་བརྒྱད་དང་ཆེད་ཁེ་བཅུ་གཉིས། བརྩམས་ཆོས་སུམ་བརྒྱ་ལྷག་གིས་པར་དབང་ཐོ་འགོད་ལེགས་འགྲུབ་བྱས་ནས། མུ་ཕྲེང་ཡོངས་ཀྱི་སྲུང་སྐྱོབ་རྣམ་པ་གྲུབ་པར་བྱས་ཡོད། རེབ་གོང་ཐང་གའི་ཐོན་ལས་ཀྱིས་ས་གནས་ཀྱི་མང་ཚོགས་ཉིས་ཁྲི་བཞི་སྟོང་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། ས་ཁམས་མཚོན་རྟགས་སྤྱོད་པའི་ཁེ་ལས་ཀྱི་ཐོན་ལས་མུ་ཕྲེང་ཡོངས་ཀྱི་ཐོན་ཐང་སྒོར་དུང་ཕྱུར་གསུམ་བྱེ་བ་ལྔར་སླེབས་ནས། གཟུགས་འདས་ཤུལ་བཞག་རིག་གནས་དང་ཤེས་བྱའི་ཐོན་དབང་ཟུང་འབྲེལ་གྱི་མཚོ་སྔོན་གྱི་བགྲོད་ལམ་ཞིག་བཏོད་དེ། སྲོལ་རྒྱུན་བཟོ་རྩལ་གྱི་སྤུས་ཚད་མཐོ་བའི་རྒྱུན་འཛིན་ཐད་ཡང་བསྐྱར་བཀོལ་ཆོག་པའི་ཉམས་མྱོང་འདོན་སྤྲོད་བྱས།