ཟླ5པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭ་རུ་མཚོ་སྔོན་ཞིང་ཆེན་གྱི་ན་ཆུང་གཞོན་ནུའི་རྐང་གྲུག་སྦྱོང་བརྡར་ལྟེ་གནས་ཀྱི་སྒོ་བྱང་བཀལ། འདི་ནི་མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རྐང་གྲུག་འཇོན་མི་གསོ་སྐྱོང་མ་ལག་ཅན་དང་ཆེད་ལས་ཅན། ཚད་ལྡན་ཅན་བཅས་ལ་ཕྱོགས་པའི་གནད་འགག་གི་གོ་རིམ་ཞིག་ཡིན། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་སྒོ་བྱང་ཡོལ་རས་ཕྱེ།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྐང་གྲུག་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཐེངས་འདིའི་མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རྐང་གྲུག་སྦྱོང་རྡར་ལྟེ་གནས་དེ་ཞིང་ཆེན་ལུས་རྩལ་སློབ་གྲྭ་དང་། ཞིང་ཆེན་རྐང་གྲུག་མཐུན་ཚོགས། མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་བཅས་ཕྱོགས་གསུམ་གྱིས་མཉམ་བསྐྲུན་བྱས་ཤིང་། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་དང་ཚན་རིག་སྦྱོང་རྡར། ཕུལ་བྱུང་གསོ་སྐྱོང་། ཐོན་སློབ་མཉམ་འདྲེས་བཅས་ཀྱི་འདུ་ཤེས་སྲུང་འཛིན་བྱས་ཏེ། འཇོན་མི་འདེམས་པ། སྦྱོང་བརྡར་རྩལ་འགྲན། རྩལ་ཁྲིད་པ་སྐྱེད་སྲིང་། ཚན་རིག་ཞིབ་འཇུག་གི་འགན་སྲུང་། ཕྱིར་སྐྱེལ་ཕྱིར་གཏོང་བཅས་གཞི་གཅིག་ཏུ་གྲུབ་པའི་ཞིང་ཆེན་རིམ་པའི་མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རྐང་གྲུག་སྦྱོང་བརྡར་གྱི་སྣེ་འདྲེན་ལས་སྟེགས་བསྐྲུན་ཅི་ཐུབ་བྱས་ནས། མཚོ་སྔོན་གྱི་རྐང་གྲུག་འཕེལ་རྒྱས་ཐད་གསོན་ཤུགས་གསར་པ་རྒྱུན་མི་ཆད་པར་སྣོན་རྒྱུ་རེད།
ཞིང་ཆེན་ལུས་རྩལ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་པས་མཚམས་སྦྱོར་བྱས་དོན། མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རྐང་གྲུག་སྦྱོང་བརྡར་ལྟེ་གནས་ཀྱིས་ད་ལྟ་རྒྱུ་ཆ་འདེམས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཉིན་རྒྱུན་དོ་དམ་ཤུགས་དྲག་ཏུ་གཏོང་བ། སྦྱོར་བརྡར་ཇུས་གཞི་ལེགས་སྒྱུར་བྱེད་པ། ཕྱིར་སྐྱེལ་རྒྱུ་ལམ་གེགས་མེད་བཟོ་བ། ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རྐང་གྲུག་སྦྱོར་བརྡར་མ་ལག་རྩེ་གྲ་བསྐྲུན་ཏེ། མཚོ་སྔོན་གྱི་རྐང་གྲུག་ཡུན་རིང་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཇེ་བརྟན་དུ་གཏོང་གིན་ཡོད། རྩལ་ཁྲིད་པ་ཡོངས་ཀྱིས་ཚན་རིག་དང་མཐུན་པར་འཆར་གཞི་འགོད་པ་དང་། སྦྱོང་བརྡར་ལག་བསྟར་ནན་མོ་བྱེད་པ། རྩལ་ནུས་འགན་སྲུང་ལེགས་པོར་སྒྲུབ་པ་དང་ཀུན་སྤྱོད་སློབ་གསོ་དམ་འཛིན་བྱས་ནས། དཔུང་སྡེའི་རྩལ་འགྲན་བྱེད་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་རྒྱུ་རེད།