མཚོ་སྔོན་གྱིས་ལོ་གསུམ་རིང་རིམ་རྩིས་བྱས་ན་ཞིང་ཆེན་རིམ་པའི་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་བརྒྱ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རེའི་ཞིང་ཆེན་གྱིས་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། “ཆུ་བོ་གེགས་མེད་ཤར་དུ་བཞུར་ཐུབ་པ་དང་ཆུ་མོ་དྭངས་ཤིང་གསལ་བ། ལས་རིགས་དར་ཞིང་རྒྱས་པ།  མི་དམངས་ཕྱུག་འགྱུར་ཡོང་བ”བཅས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། མི་འབོར་དང་ཐོན་ལས། དཔལ་འབྱོར་ཁྱབ་ཁུལ་གཙོ་བོ་བཅས་གཙོ་གནད་དུ་བཟུང་ནས། བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ་དང་། དུས་ཡུན་ལོ་ངོ་གསུམ་གྱི་རིང་ལ། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་པེ་ཁྲོན་ཆུ་བོ་དང་མཚོ་སྔོན་པོ་སོགས་ཞིང་ཆེན་རིམ་པའི་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ100བསྐྲུན་པ་དེས། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྫོང་ཞེ་ལྔར་ཁྱབ་ཡོད་ཅིང་། མང་ཚོགས་ཀྱིས་ཆུ་བོ་དང་མཚེའུར་ཡིད་ཚིམ་ཚད་མངོན་སུམ་ཇེ་མཐོར་ཕྱིན་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱ་རྒྱུ་དེ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལ་ཤུགས་སྣོན་རྒྱག་སའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསྟུད་མུར་ལོ་གསུམ་གྱི་རིང་སྟོབས་ཤུགས་གཅིག་སྡུད་བྱས་ནས་སྐུལ་འདེད་བཏང་བ་དང་། བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་ལས་ཀའི་ཇུས་གཞི་བཟོས་ནས་དམིགས་འབེན་ཁ་གསལ་དང་བརྒྱུད་རིམ་ཁ་གསལ་གྱི་ཚོད་སྐོར་དོ་དམ་གྱི་བྱེད་ཐབས་དངོས་སུ་བཏོན་ཡོད། “བདེ་འཇགས་དང་སྐྱེ་ཁམས། འཚོ་སྡོད་ལ་འཚམ་པ། བློ་གྲོས་ལྡན་པ། རིག་གནས། འཕེལ་རྒྱས། མང་ཚོགས་ཀྱི་འདོད་བློ་ཚིམ་པ”སོགས་ཀྱི་བླང་བྱར་དམིགས་ཏེ། བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་ཕན་འབྲས་དཔྱད་འཇོག་དམིགས་འབེན་མ་ལག་དང་། དཔྱད་འཇོག་ལས་ཀའི་ཇུས་གཞི་སྔར་ལས་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས། འཆར་འགོད་ནས་དཔྱད་འཇོག་བར་གྱི་འབྲེལ་ཐག་ཧྲིལ་པོའི་དོ་དམ་ལམ་སྲོལ་གྲུབ་པར་བྱས་པ་དང་། ཆུ་བོ་དང་མཚེའུ116གི་བདེ་ཐང་ལ་ཚད་ལེན་གདེང་འཇོག་བྱེད་པའི་ལས་ཀ་ཡོངས་འགྲུབ་བྱས་པར་མ་ཟད། བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་དེ་དག་ལ“བདེ་ཐང་ཡིག་ཚགས”བཟོས་ནས། བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་ཞིང་དངོས་ཡོད་དང་འཚམ་པ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས།

གཞན་ཡང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་གཙོ་བོ་ཇེ་བརྟན་དུ་བཏང་ནས། ཆུ་དཔོན་དང་མཚེའུ་དཔོན་མཉམ་ལས་དང་། ས་མཚམས་ལས་བརྒལ་བའི་ཆུ་བོ་དང་མཚེའུ་ཡི་མཉམ་འབྲེལ་སྔོན་འགོག་མཉམ་འཛིན། ཆུ་དཔོན་དང་མཚེའུ་དཔོན་གྱི་འགུལ་རྣམ་ལེགས་སྒྲིག་དང་འགན་འཁྲི་རིམ་པར་གསབ་པ། ལས་ཀའི་སྐུལ་ལྕག་རྒྱབ་སྐྱོར་སོགས་ཀྱི་ལམ་སྲོལ་ལ་ཤུགས་བསྣན་ཏེ། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག ཞིང་ལས་ཞིང་སྡེ། རིག་གནས་ཡུལ་སྐོར་སོགས་སྡེ་ཁག་གིས་མཉམ་བཅོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་མཐུན་སྦྱོར་ནུས་ལྡན་གྱི་ངང་སྐུལ་འདེད་བཏང་ནས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་ཆུ་བོ་བཅོས་སྐྱོང་གི་ལས་གཞི། རིག་གནས་ཐོན་ལས་བཅས་བདེ་སྐྱིད་ལྡན་པའི་ཕྱོགས་སུ་འཕེལ་བར་འགན་ལེན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།