ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ལོ་གཉིས་ཀྱི་རིང་ལ་ངལ་རྩོལ་འགལ་བའི་གྱོད་དོན3689ཞིབ་བཤེར་ཐག་གཅོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསལ་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། 2024ལོ་ནས2025ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ངལ་རྩོལ་འགལ་བའི་གྱོད་དོན་འདྲི་ཞིབ་དང་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱས་པའི་གཞི་རྩའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། དཔེ་མཚོན་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པར་སྔར་ལས་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་ལ་རྐང་བཙུགས་ཏེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གི་བྱ་བར་ནུས་ལྡན་གྱིས་སྐུལ་འདེད་བཏང་བ་དང་། ལོ་ངོ་གཉིས་ཀྱི་རིང་ལ། ཁྲིམས་ལྟར་ངལ་རྩོལ་འགལ་བའི་གྱོད་དོན3689འདྲི་ཞིབ་བྱས་པར་མ་ཟད། གྱོད་དོན་འདྲི་ཞིབ་བརྒྱུད་རིམ་ཁྲོད་རིམ་གྱིས་ནུས་ལྡན་གྱི་ཉམས་མྱོང་དང་བྱེད་ཐབས་མང་པོར་རྒྱུས་ལོན་བྱས།

བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་པ་སྟེ། ཞིང་ཆེན་ཁྲིམས་ཁང་དང་སྡེ་ཁག་མང་པོས་ངལ་རྩོལ་མི་དོན་འགལ་བ་སྣ་མང་ཐག་གཅོད་བྱེད་པར་མཉམ་དུ་སྐུལ་འདེད་བཏང་བ་དང་། ངལ་རྩོལ་མི་དོན་འགལ་བའི་ཆེད་ཞུས་འདུམ་འགྲིག་རྩ་འཛུགས་སོ་བདུན་གྱི་འདུམ་འགྲིག་པ་གྱ་བདུན་མི་དམངས་ཁྲིམས་ཁང་གི་འདུམ་འགྲིག་སྟེགས་བུར་ཞུགས་ནས་བྱ་བ་བསྒྲུབ་པར་བརྟེན། ལོ་གཉིས་ཀྱི་རིང་ལ་བསྡོམས་པས་ངལ་རྩོལ་མི་དོན་གྱི་འགལ་བའི་རྩོད་གཞི752འདུམ་འགྲིག་བྱས། འབྲེལ་ཡོད་སྡེ་ཁག་གི་མཉམ་འགུལ་ལ་ཤུགས་བསྣན་པ་དང་། ས་གནས་མང་པོའི་ཁྲིམས་ཁང་གིས་མཉམ་འབྲེལ་ལས་ཤག་ཁང་དང་འདུམ་འགྲིག་བྱ་བའི་ས་ཚིགས་བཙུགས་པར་མ་ཟད། མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས། ཕྱི་ནང་མཉམ་འགུལ་དང་གོང་འོག་མཐུན་སྦྱོར། རིམ་པ་བཞིན་སྦྲེལ་མཐུད་བཅས་བྱེད་པའི་ཕྱོགས་མང་རྩོད་གཞིའི་ཐག་གཅོད་རྣམ་པ་གྲུབ།

འདྲི་གཅོད་ཞབས་ཞུའི་སྤུས་ཀ་མཐོར་འདེགས་དང་ནུས་པ་ཇེ་ཆེར་བཏང་བ་སྟེ། ཞིང་བ་ཞོར་ལས་པའི་གླ་ཕོགས་དང་འབྲེལ་བའི་གེགས་མེད་བརྒྱུད་ལམ་ཕྱེ་བ་དང་སྔོན་ལ་གྱོད་ཐོ་འགོད་པ། སྔོན་ལ་ལག་བསྟར་བྱེད་པ། སྔོན་ལ་ཁ་དན་ཚིག་ལ་གནས་པ་བཅས་རྒྱུན་འཁྱོངས་བྱས། ཆ་འཕྲིན་ཅན་གྱི་གྱོད་དོན་སྒྲུབ་པའི་བྱེད་ཐབས་ལ་བརྟེན་ནས་དྲ་ཐོག་གཏུག་བཤེར་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་དུ་ཁྲིམས་རྩོད་པའི་ལས་རེས་ཁང་དང་འདུམ་འགྲིག་ལས་ཤག་ཁང་། གཏུག་བཤེར་ཞབས་ཞུའི་ས་ཚིགས་སོགས་བཀོད་སྒྲིག་བྱས་ནས། ངལ་རྩོལ་པར་ཕྱོགས་ཡོངས་གཏུག་བཤེར་ཞབས་ཞུ་འདོན་སྤྲོད་བྱས། གཞི་རིམ་ཁྲིམས་ཁང་གིས་སྐོར་སྐྱོད་འདྲི་གཅོད་སྤེལ་ཞིང་། གུང་གསེང་སྐབས་སུ་དམངས་དོན་ཐག་གཅོད་བྱས་ཏེ། ངལ་རྩོལ་པས་བྱ་བ་བསྒྲུབ་སྐབས་ཁོམ་ལོང་མེད་པ་དང་གུང་གསེང་སྐབས་སུ་ཐག་གཅོད་བྱེད་མཁན་མེད་པའི་དཀའ་གནད་ཐག་གཅོད་བྱས།

ཁྲིམས་སྐྱོང་དྲིལ་སྒྲོག་གནད་འཁེལ་ཤུགས་འདོན་བྱས་པ་སྟེ། བཅའ་ཁྲིམས་དེ་ཁེ་ལས་དང་སྡེ་ཁུལ། བཟོ་སྐྲུན་ཡུལ་དངོས་སོགས་སུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་། ལས་ཞུགས་ལས་རྣམ་གསར་བའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་དམིགས་ནས་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་ཞིང་། ལས་མི་བཀོལ་མཁན་གྱིས་ངལ་རྩོལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་པར་ཁྲིད་སྟོན་དང་ལས་མི་བཀོལ་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞིའི་ཁྲོད་མཉམ་འབྲེལ་དྲ་རྒྱའི་སྟེགས་བུས་ལས་མི་བཀོལ་བའི་རྒྱབ་ལྗོངས་འོག་གི་ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པ་དང་། ངལ་རྩོལ་པས་རྫུན་བཟོའི་བྱེད་ཐབས་ཀྱིས་ལས་མི་བཀོལ་བའི་ལས་ཁུངས་དང་ངལ་རྩོལ་གན་རྒྱ་འཇོག་པ། ལས་སྒྲུབ་ཚོད་ལྟའི་དུས་ཡུན་དུ་ལས་མི་བཀོལ་བའི་ལས་ཁུངས་ཀྱིས་གང་འདོད་དུ་ངལ་རྩོལ་གན་རྒྱ་མེད་པར་བཟོ་བ་སོགས་འདུས་ཡོད་ལ། ངལ་རྩོལ་འབྲེལ་བ་དང་ལྷག་པར་དུ་རྣམ་པ་གསར་བའི་ལས་མི་བཀོལ་བའི་ཁྱབ་ཁོངས་ཀྱི་གལ་ཆེའི་དཀའ་གནད་ལ་དམིགས་ཡོད་ཅིང་། དེའི་དམིགས་ཡུལ་ནི་གྱོད་དོན་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱེད་པ་དང་གྱོད་དོན་ལ་བརྟེན་ནས་གནས་ལུགས་གསེད་བཀྲོལ་བྱས་ནས། མཇུག་མཐར་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཆེད་དུ་སྐུལ་འདེད་གཏོང་ཆེད་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།