རང་ཞིང་གིས་བྱེད་སྒོ་སྣ་མང་སྤེལ་ཏེ་ངལ་རྩོལ་ལ་བསྟོད་གླུ་ཕུལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཚོགས་སྤྱི་གསར་པས་ལས་ལ་བརྩོན་པ་དང་། སྔོན་ཐོན་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་ལེགས་པར་མངོན་པ་དང་། ལས་ཞུགས་ཚོགས་སྤྱི་གསར་པསནུས་ལྡན་ངང་རྩ་འཛུགས་དང་། མཐུན་སྒྲིལ་དམ་ཟབ་བྱེད་པ། སྔར་ལས་སྐུལ་སློང་དང་མཐུན་སྒྲིལ་བྱ་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་པའི"སེམས་པ་གཅིག་ཏུ་སྦྲེལ། མཉམ་དུ་མདུན་སྐྱོད་བྱེད"ཅེས་པའི་བརྗོད་དོན་གཙོ་བོའི་མཛའ་འབྲེལ་བྱེད་སྒོ་ཞིང་ཆེན་རིག་གནས་ཁང་གི་སྐར་འོད་ཟློས་གར་ཁང་དུ་སྤེལ།

བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཤིང་། རིག་རྩལ་འཁྲབ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས། 《ཁྱིམ་ལས་ཞབས་ཞུ་བྱེད་མཁན་མཛེས་ཤོས》ཞེས་པ་དང་།《མཐོ་སྒང་གི་ས་གཞི་ཆེན་པོར་ཞབས་བྲོ་འཁྲབ། གངས་རིའི་ངལ་གསོའི་ས་ཚུགས་ཀྱིས་མི་སེམས་ལ་དྲོད་སྐྱིད་སྦྱིན》ཞེས་པ། 《བརྩེ་སེམས་ཀྱིས་མདུན་ལམ་འོད་སྟོང་ལྡན་པར་བྱེད》ཅེས་པ་སོགས་ཀྱི་ཕུལ་བྱུང་ལེ་ཚན་གྱིས་ལས་རྣམ་གསར་པའི་ལས་གཉེར་བ་ཚོས་ལས་གནས་བརྟན་སྲུང་དང་། ལེགས་སྐྱེས་འབུལ་ཕོད་པའི་འགན་འཁྲི་འཁུར་སེམས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་གསོན་ཉམས་དོད་པོས་མཚོན་པར་བྱས།《ཁྱེད་རང་ཆེས་མཛེས་སྡུག་ལྡན》ཞེས་པའི་གླུ་གཞས་ཀྱིས་ངལ་རྩོལ་པའི་བརྟན་སྲུང་ལ་གུས་འདུད་ཟབ་མོ་ཞུས་པས་ཡུལ་དངོས་ཀྱི་ལྟད་མོ་བར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྟེང་གི་དགེ་མཚན་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལག་བསྟར་དང་ལས་ཞུགས་ཚོགས་སྤྱི་གསར་པར་ཞབས་འདེགས་ཞུ་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཐེངས་འདིའི་མཉམ་སྤྲོའི་འཁྲབ་སྟོན་བྱེད་སྒོ་ལེགས་པོར་སྤེལ་ཆེད། གཙོ་གཉེར་སྡེ་ཁག་གིས་ཕུལ་བྱུང་རིག་རྩལ་དང་བླངས་པ་དང་ཆེད་ལས་འཁྲབ་ཁྲིད་པ་ཕུལ་བྱུང་བདམས་ནས་གོ་རིམ་ཧྲིལ་བོར་གཅིག་གྱུར་འཆར་འགོད་དང་བྱས་པ་དང་། བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ནས་ལེ་ཚན་བདམ་གསེས་དང་གྲ་སྒྲིག་ཞིབ་ཚགས་བྱས་པར་མ་ཟད། འཁྲབ་སྟོན་པ་རྣམས་ཁག་བགོས་ནས་གཅིག་སྡུད་སྦྱོང་བརྡར་བྱས་པ་དང་། ཐེངས་མང་པོར་གྲ་སྒྲིག་འཁྲབ་སྟོན་བྱས་ཤིང་། ལེ་ཚན་གྱི་འབྲེལ་མཐུད་ལེགས་སྒྱུར་དང་། འཁྲབ་སྟོན་གྱི་འགྲོས་ཚད་ཚོད་འཛིན་བྱས་ཏེ། སེམས་ཤུགས་ཡོད་རྒུ་དང་བརྩེ་སེམས་ཟབ་མོས་ལས་ཞུགས་ཚོགས་སྤྱི་གསར་པར་དྲོད་སྐྱིད་ལྡན་པའི་རིག་རྩལ་དགོང་ཚོགས་གྱ་ནོམ་པ་ཞིག་ཕུལ་བ་རེད།   

གོ་རིམ་རྗེས་མར་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དུ་འགན་ནུས་ལ་གཞི་ཚུགས་ཏེ། རིག་རྩལ་ཞབས་ཞུའི་གཡུལ་ས་གཏིང་ཟབ་ངང་གསར་སྤེལ་བྱེད་པ་དང་། རྒྱུན་ཆད་མེད་པར་ལས་ཞུགས་ཚོགས་སྤྱི་གསར་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ལས་ཞུགས་ཚོགས་སྤྱི་གསར་པའི་ཁོངས་གཏོགས་ཀྱི་བསམ་པ་དང་། བདེ་སྐྱིད་ཚོར་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་ཆེ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་གཅིག་ཏུ་སྒྲིལ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།