ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འགོག་ཟོན་བྱ་བའི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས5ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འགོག་ཟོན་བྱ་བའི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་སློང་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། དེང་སྐབས་ཀྱི་གུང་གསེང་མཇུག་རྫོགས་ནས་ཕྱིར་ལོག་པ་དང་། ཡུལ་སྐོར་གྱི་མཐོ་རླབས་དང་ཐོན་སྐྱེད་ཀྱི་མཐོ་རླབས་སོགས་གཙོ་གནད་བྱ་བར་དམིགས་ནས། བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ཡང་བསྐྱར་བཀོད་གཏོང་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་བྱ་བའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པར་མ་ཟད་བཀོད་སྒྲིག་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་སློང་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་བརྟན་པོར་འཁུར་བ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་སེལ་ནས། རང་འགན་རང་སྲུང་དང་རང་འགན་རང་འཁུར། རང་འགན་རང་སྒྲུབ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ཁག་སོ་སོ་དོན་འཁྱོལ་ཞིབ་མོ་བྱེད་པ་དང་། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པ། དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་པོར་སྲུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་ལ་ཁག་ཐེག་བྱེད་དགོས། 

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། དེང་སྐབས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་ནའང་། གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་བཞིན་མང་པོ་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཉེ་དུས་ཀྱི་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་གཙོ་བོར་འཛིན་པ། བཟོ་བཀོད་ཨར་ལས་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས། གཏེར་རི། འགྲིམ་འགྲུལ་སྐྱེལ་འདྲེན། མེ་ཟོན། མཁར་གྲོང་གི་སོལ་རླངས། བཟོ་ཚོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། མི་སྣ་འདུ་འཛོམས་བྱེད་ས་དང་ཐོག་ཁང་མཐོན་པོ། གནས་ཡུལ་ཆུང་བ་དགུ་སོགས་སུ་ཞིབ་བཤེར་དང་བཅོས་སྐྱོང་ནན་མོ་བྱེད་པ། གནམ་གཤིས་ངན་པར་ཁ་གཏད་ལེགས་པོ་འཇལ་བ། གུ་ཡངས་གཏན་ནས་མི་གཏོང་བའི་རྣམ་འགྱུར་གྱིས་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་སེལ་བྱས་ནས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཐད་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་མཉམ་སྡོམ། ལས་འཛོལ་འགན་འཁྲི་བདའ་འདེད་བཅས་དོན་འཁྱོལ་ནན་མོ་བྱེད་པ་དང་། ལས་རེས་བརྟན་སྲུང་དང་ཆ་འཕྲིན་སྐྱེལ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་འཕྲིན་མཉམ་སྦྲེལ་དང་ཉེན་ཁ་མཉམ་འགོག གནད་དོན་མཉམ་བཅོས་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བདེ་འཇགས་བརྟན་བརླིང་གི་ཁོར་ཡུག་བསྐྲུན་དགོས། 

ཚེ་རིང་ཐར་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།