
ཉེ་སྔོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྱི་ཚོགས་ཡོངས་སུ2026ལོའི“ཆེས་མཛེས་པའི་ལས་བཟོ་པའི”སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན། མང་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་ལག་རྩལ་གྱི་སྤྱི་ཁྱབ་ལྟ་སྐུལ་པ་ལྷ་མོ་གཡུ་སྒྲོན་གཟི་བརྗིད་ངང་དེའི་ནང་བདམས་ཐོན་བྱུང་བ་དང་། ཐེངས་འདིའི་དཔྱད་འདེམས་ཁྲོད་མཚོ་སྔོན་གྱི་མིང་ཐོའི་ནང་ཚུད་པའི་མི་སྣ་གཅིག་པུ་ཡིན་ལ། མཚོ་སྔོན་ནས་གཟི་བརྗིད་དེ་ཐོབ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཐོག་མའང་རེད།

1986ལོར། ལྷ་མོ་གཡུ་སྒྲོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བྱ་མདོ་ཞང་སྡེ་མང་སྡེ་བའི་གཙགས་དྲུབ་ཁྱིམ་རྒྱུད་དུ་སྐྱེས་པ་དང་། ཆུང་དུས་ནས་རྨོ་རྨོ་དང་ཨ་མའི་གམ་དུ་གཙགས་དྲུབ་ཀྱི་ལག་རྩལ་སྦྱངས་ལ། ཁབ་སྐུད་ཀྱི་ཞིབ་ཆ་རེ་རེའི་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་རྨང་གཞི་བརྟན་པོ་བཏིང་། 2006ལོར་བྱ་བར་ཞུགས་པ་ནས་བཟུང་། ཁོ་མོ་གཙགས་དྲུབ་ཀྱི་ལས་ལ་གཞོལ་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་། སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་གྱི་ཐད་ནས་དཀའ་ངལ་མང་པོ་ལ་འཕྲད་རུང་། ཕྱི་རུ་བསྐྱོད་དེ་འཕེལ་རྒྱས་གཏོང་བའི་གོ་སྐབས་བསྐྱུར་ཏེ། ཕ་ཡུལ་དུ་གཞི་ཚུགས་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲོད་ཚུད་པའི་མང་རྫོང་གཙགས་དྲུབ་སྲུང་སྐྱོང་གང་ལེགས་བྱས།
བློ་རྩེ་གཅིག་སྒྲིམ་གྱིས་ལོ་ངོ་བཅུ་ཕྲག་ལ་བརྩོན་པ་བྱས་མཐར། ལྷ་མོ་གཡུ་སྒྲོན་གྱིས་བོད་ཀྱི་གཙགས་དྲུབ་ཇུས་འགོད་དང་སྐྱ་ཐིག་ཕབ་པ། སྐུད་པ་འདེམས་པ། གཙགས་དྲུབ་ཀྱི་ལྟེ་བའི་ལག་རྩལ་ཆ་ཚང་བྱང་ཆུབ་པར་བྱས་ནས། མང་རྫོང་བོད་ཀྱི་གཙགས་དྲུབ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དང་ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་ཅན་བཅས་ལ་བདམས། ཁོ་མོའི་བརྩམས་ཆོས་ལ་ཐེངས་མང་པོ་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 《ཤཱཀྱ་མུ་ནེ》ལ2010ལོའི་ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་དངོས་མང་འགྲེམ་ཚོགས་ཀྱི་ཟངས་ཀྱི་རྟགས་མ་ཐོབ་པ་དང་། 《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང》ལ་རྒྱལ་སྤྱིའི་རིག་གནས་ཐོན་རྫས་འགྲེམ་ཚོགས་ཀྱི“ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་བྱ་དགའ”ཐོབ། ཁོ་མོས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་ཀྱི་གཙགས་དྲུབ་ཀྱི་སྤོས་ཁུག་དང་འགེལ་ཆས་སོགས་རིག་གནས་གསར་གཏོད་ཐོན་རྫས་ལ་རབ་མཛེས་མཚོ་སྔོན་ཡུལ་སྐོར་ཚོང་རྫས་འགྲན་བསྡུར་ཆེན་མོའི་དངུལ་གྱི་རྟགས་མ་ཐོབ་པ་དང་། ཞིང་ཆེན་ཕྱི་ནང་དུ་ཚོང་ཧ་ཅང་བྲིན་པ་མ་ཟད་རྒྱལ་ཁབ་ཕྱི་རུ་བཙོང་བཞིན་ཡོད།

རྒྱུན་འཛིན་གྱི་ཐོག་མའི་དམ་བཅའ་བརྟན་སྲུང་བྱས་ཏེ། ལྷ་མོ་གཡུ་སྒྲོན་གྱིས་ལག་རྩལ་དང་སྒྱུ་རྩལ་རྒྱུན་འཛིན་གྱི་ལས་སྟེགས་བཙུགས་ནས། གཙགས་དྲུབ་ཀྱི་འཇོན་མི་སྟོང་ལྷག་གསོ་སྐྱོང་བྱས་པ་དང་། རོང་འབྲོག་ཁུལ་གྱི་བུད་མེད་བརྒྱ་ཕྲག་གི་སྣེ་ཁྲིད་དེ་ཁྱིམ་གྱི་སྒོ་མདུན་དུ་ལས་ཞུགས་ཀྱི་ཡོང་འབབ་ལེན་ཐུབ་པར་གྱུར། ད་ལྟ། ཁོ་མོས་དཔུང་སྡེའི་སྣེ་ཁྲིད་དེ་སྨི268ཡོད་པའི《གེ་སར་རྒྱལ་པོའི》གཙགས་དྲུབ་པོད་རིང་གསར་རྩོམ་ལ་སྐུལ་འདེད་བཏང་ནས། ལག་ཤེས་ལ་བརྟེན་ནས་རིག་གནས་རྒྱུན་འཛིན་དང་དངོས་སྒྲུབ་ལ་བརྟེན་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་འགྲེལ་བཤད་བྱས་ཏེ། གནའ་བོའི་བོད་ཀྱི་གཙགས་དྲུབ་དེ་དུས་རབས་གསར་པར་འོད་སྟོང་སྔར་ལས་འཚེར་དུ་འཇུག་བཞིན་ཡོད།