རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས“ལྔ་གཅིག”གུང་གསེང་རིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱ་བར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ5པའི་ཚེས1ཉིན་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས“ལྔ་གཅིག”གུང་གསེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་འགོག་ཟོན་ལས་དོན་བཀོད་སྒྲིག་བྱས་ནས། འབྲེལ་ཡོད་སྡེ་ཁག་མཐུན་སྦྱོར་བྱས་ནས་མངགས་གཏོང་ལས་དོན་ཚོགས་ཆུང་མངགས་པར་མཛུབ་ཁྲིད་བྱས་ཏེ། གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས། ཁེ་ལས་གཙོ་བོ་བཅས་སུ་གུང་གསེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་མངོན་བཤེར་ལྐོག་ཞིབ་བྱས།

རིག་གནས་དང་ཡུལ་སྐོར་པུའུ་ཡིས་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་འགོག་ཟོན་དང་། ཀུན་གྱིས་དོ་སྣང་བྱེད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མི་སྣའི་འཁོར་རྒྱུག་ལ་དོ་དམ་ཚོད་འཛིན། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྣེ་ཤན་པའི་བདེ་འཇགས་དོ་དམ། “མཛེས་ལྗོངས་ནག་པོ”བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་ལྐོག་ཞིབ་བྱ་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལས་གཞི་འཛུགས་སྐྲུན་དང་། ཉེན་ཆེའི་རྫས་འགྱུར་དངོས་པོ། ཨར་ལས་ལས་སྒྲུབ་བྱ་ཡུལ། ཐོན་སྐྱེད་འཁོར་ཁང་སོགས་ཀྱི་བདེ་འཇགས་དོ་དམ་གནས་ཚུལ་ལ་དམིགས་ནས། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་ཁོངས་གཏོགས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་སྐོར་ཞིབ་བྱེད་པར་མཛུབ་ཁྲིད་བྱ་རྒྱུ་རེད། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་མི་སྣ་འདུས་ཚོགས་ཆེ་བའི་གནས་ཡུལ་གྱི་མེ་ཟོན་ལས་དོན་ལ་ལྐོག་ཞིབ་བྱེད་པར་རྩ་འཛུགས་བྱ་རྒྱུ་རེད། རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱིས་རྡོ་སོལ་གཏེར་ཁ་དང་རྡོ་སོལ་མིན་པའི་གཏེར་ཁ་ལ་དམིགས་ནས་ལྐོག་ཞིབ་བྱ་རྒྱུ་རེད། འཕྲལ་བསྟུན་དོ་དམ་པུའུ་ཡིས་དུས་ཆེན་དང་གུང་གསེང་གི་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་ཕྱོགས་བསྡུས་ལྐོག་ཞིབ་རྟོག་ཞིབ་སྤེལ་རྒྱུ་རེད། མངོན་བཤེར་ལྐོག་ཞིབ་ཀྱི་དམིགས་ཡུལ་ནི་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། བདེ་འཇགས་ལ་གནོད་པའི་རྐྱེན་རྩ་དུས་ཐོག་ཏུ་སེལ་ཏེ། གུང་གསེང་རིང་གི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་བརྟན་བརླིང་དང་གོ་རིམ་ལྡན་པར་ཁག་ཐེག་བྱ་རྒྱུ་དེ་རེད།

མངོན་བཤེར་ལྐོག་ཞིབ་ཁྲོད་གསར་དུ་རྙེད་པའི་དཔེ་མཚོན་གྱོད་དཔེ་ལ་དམིགས་ཏེ། ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་། འགན་འཁྲི་བདའ་འདེད། ཡོངས་བསྒྲགས་དམར་འདོན་བཅས་བྱ་རྒྱུ་རེད། ས་ཁུལ་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དམིགས་སའི་རང་བཞིན་གྱི་ཉེན་མེད་ཐོན་སྐྱེད་མངོན་བཤེར་ལྐོག་ཞིབ་ལས་དོན་དུས་གཅིག་ཏུ་རྩ་འཛུགས་དང་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།