གཞི་རིམ་གྱི་ཉེན་རྟོག་ལས་དོན་འགན་སྲུང་གི་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པའི་ཁྲིམས་འཛིན་དང་ལས་སྒྲུབ་དང་བདེ་འཇགས་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ། ཉེན་རྟོག་ལས་དོན་གྱི་དངོས་འཐབ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་སྲ་བརྟན་ཏན་ཏིག་གཏོང་བ་བཅས་བྱ་ཆེད། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པའི་སྒྲིག་ཆས་གཅིག་སྡུད་ཐོག་བཀོད་སྒྲིག་བྱེད་པའི་མཛད་སྒོ་བསྡུས།
ད་ཐེངས་ཀྱི་ཉེན་རྟོག་པའི་སྒྲིག་ཆས་བཀོད་སྒྲིག་བྱ་བ་ཐད་ནས“འཐབ་ཕྱོགས་དང་པོར་འགན་སྲུང་དང་། དངོས་འཐབ་ལ་ཞབས་ཞུ། དགོས་མཁོ་ལྟར་བཀོད་སྒྲིག གནད་འཁེལ་ནུས་ཆེ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས། ཡར་སྔོན་དུ། ཉེན་རྟོག་ལས་དོན་འགན་སྲུང་སྡེ་ཁག་གིས་ཉེན་རྟོག་རིགས་སོ་སོ་དང་གཞི་རིམ་སུའོ་རུ་ཁག་སོ་སོའི་སྒྲིག་ཆས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པ་དང་། ད་ཡོད་སྒྲིག་ཆས་ཀྱི་ཟད་གྲོན་དང་གསར་བརྗེས་གནས་ཚུལ་གནད་ལ་འཁེལ་བའི་སྒོ་ནས་བསྡོམས་རྩིས་བྱས། ཉེན་རྟོག་པའི་སྒྲིག་ཆས་ཉོ་སྒྲུབ་ཀྱི་ཚད་གཞིར་ནན་གྱིས་གཞིགས་ཏེ། སྒྲིག་ཆས་ཀྱི་སྤུས་ཚད་ཞིབ་བཤེར་འགག་སྒོ་ནན་གྱིས་བཟུང་བ་དང་། མདེའུ་འགོག་དང་ཚེར་འགོག་འགག་སྟོད་དང་། མིག་ཆུ་འདོར་བར་བྱེད་པའི་འཕེན་ཆས། རླངས་འཁོར་གྱི་འཁོར་ལོ། འཕྲལ་བསྟུན་གློག་ཁུངས་སོགས་ཉེན་རྟོག་པའི་སྤྱོད་གོ་ཆོད་པའི་སྒྲིག་ཆས་སྣ་ཚོགས་ཉོ་སྒྲུབ་དང་སྒྲིག་སྦྱོར་ཞིབ་ཚགས་བྱས་པ་དང་། འཐབ་ཕྱོགས་དང་པོའི་ཁྲིམས་འཛིན་ལས་སྒྲུབ་སྒྲིག་ཆས་ཀྱི་ཞན་ཆ་ཕྱོགས་ཡོངས་ནས་ཁ་གསབ་དང་སྒྲིག་ཆས་བཀོད་སྒྲིག་གི་གྲུབ་ཆ་ལེགས་སུ་བཏང་ནས། གཞི་རིམ་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པའི་རྒྱུན་ལྡན་གྱི་སྐོར་ཞིབ་སྔོན་འགོག་ཚོད་འཛིན་དང་། ཁྲིམས་འཛིན་གྱོད་གཅོད། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་བྱ་བ་སོ་སོའི་དངོས་ཡོད་དགོས་མཁོ་བསྐངས།
བཀོད་སྒྲིག་མཛད་སྒོའི་ཡུལ་དངོས་སུ། ཉེན་རྟོག་པའི་སྒྲིག་ཆས་གསར་རྐྱང་གྲལ་འགྲིག་པོར་བསྒྲིགས་པ་དང་སྣ་ཁ་ཆ་ཚང་བས། སྤྱི་བདེ་དཔུང་ཁག་གི་ཉམས་འགྱུར་བཟང་པོ་ཡོངས་སུ་མངོན་ཡོད། ཉེན་རྟོག་ལས་དོན་འགན་སྲུང་སྡེ་ཁག་གི་ལས་དོན་མི་སྣས་བཀོད་སྒྲིག་རྩིས་ཐོ་ལ་ཞིབ་བསྡུར་ནན་མོ་བྱས་ནས་སྒྲིག་ཆས་ཀྱི་བཟོ་དབྱིབས་དང་གྲངས་འབོར་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ། བཀོད་སྒྲིག་དང་། རྩིས་སྤྲོད་རྩིས་ལེན། ཐོ་འགོད། མཛོད་ཁང་ནས་འདོན་པ་སོགས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་སྒྲིག་ཆས་རེ་རེ་བཞིན་གནད་ལ་འཁེལ་བའི་སྒོ་ནས་བཀོད་སྒྲིག་དང་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པར་འགན་སྲུང་བྱས། དུས་མཚུངས་སུ། ཡུལ་དངོས་སུ་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་སྒྲིག་ཆས་གསར་པའི་ནུས་པའི་དཔྱད་གྲངས་དང་། བེད་སྤྱོད་ཚད་གཞི། བཀོལ་སྤྱོད་ཐབས་རྩལ། དེ་བཞིན་རྒྱུན་ལྡན་གྱི་སྲུང་སྐྱོང་བདག་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་ལག་ལེན་དངོས་སྦྱོང་འགྲེལ་བཤད་དང་དཔེ་སྟོན་སློབ་ཁྲིད་བྱས་ཏེ། མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པས་སྒྲིག་ཆས་ཀྱི་ནུས་པ་མགྱོགས་མྱུར་རྒྱུས་མངའ་ལོན་པ་དང་བཀོལ་སྤྱོད་རྩལ་ནུས་ཁོང་དུ་ཆུད་པར་རོགས་རམ་བྱས་ནས་སྒྲིག་ཆས་ཀྱི་དངོས་འཐབ་བེད་སྤྱོད་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་སྒྲིག་ཆས་སྣ་ཚོགས་ཁྲིམས་འཛིན་དང་ལས་སྒྲུབ་ཁྲོད་ཚད་ལྡན་དང་། ནུས་ཆེ། བདེ་འཇགས་བཅས་ཀྱི་སྒོ་ནས་བེད་སྤྱོད་ཐུབ་པར་འགན་སྲུང་བྱས་ཏེ། འགོག་སྲུང་གི་ནུས་པ་དངོས་གནས་འདོན་སྤེལ་ཐུབ་པར་བྱས།
ད་ཐེངས་ཉེན་རྟོག་པའི་སྒྲིག་ཆས་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་པ་དེས་ཅུས་ཡོངས་ཀྱི་ཉེན་རྟོག་ལས་དོན་འགན་ལེན་ཚད་ལྡན་ཅན་གྱི་ཆུ་ཚད་དང་འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པའི་ཁྲིམས་འཛིན་དང་ལས་སྒྲུབ་དང་བདེ་འཇགས་འགོག་སྲུང་ནུས་པ་ནུས་ལྡན་ངང་ཇེ་ཆེར་བཏང་བར་མ་ཟད། སྤྱི་བདེ་དཔུང་ཁག་གི་གོང་བུར་འགྲིལ་ཤུགས་དང་། བློ་ཕྱོགས་ཤུགས། འཐབ་འཛིང་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་ནས་གཞི་རིམ་གྱི་སྤྱི་བདེ་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་དངོས་པོའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་ལས་དོན་འགན་སྲུང་སྤུས་འདེགས་ཕན་འཕར་ཡོང་བར་རྒྱུན་མཐུད་ངང་དམིགས་ཏེ། སྒྲིག་ཆས་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། སྒྲིག་ཆས་དོ་དམ་ལ་ཤུགས་སྣོན་པ། བེད་སྤྱོད་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་གྱི་ཉེན་རྟོག་ལས་དོན་གྱི་དངོས་འཐབ་རྨང་གཞི་རྒྱུན་མཐུད་ངང་བརྟན་པོར་བཟོས་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་འཇགས། མི་དམངས་ལྷིང་འཇགས་བཅས་སྲུང་སྐྱོང་བྱེད་པའི་ལས་འགན་དང་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། མངའ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྲུང་སྐྱོང་བྱ་རྒྱུ་རེད། །