ཟླ4པའི་ཚེས29ཉིན། “རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་གྲུག” རིམ་འདས་མཉམ་འགྲན་སྐབས་གསུམ་པའི་རྩ་འཛུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྐང་གྲུག་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྐང་གྲུག་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་མ་ཟད། གྲུབ་འབྲས་ལ་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ་ཡིས་ཚོགས་འདུར་འགོ་འཛིན་བྱས།
ཚོགས་འདུ་ལས་བསྟན་དོན། “མཚོ་སྔོན་གྱི་རིམ་འདས་མཉམ་འགྲན་སྐབས་གཉིས་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་རྐང་གྲུག་སྤྲོ་སེམས་འཕེལ་བར་བྱས་པ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། མཚོ་སྔོན་དྲིལ་སྒྲོག་དང་མཚོ་སྔོན་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ནས། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་ལས་གཞན། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་མཐོ་སྒང་གི་འགུག་ཤུགས་ཀུན་ནས་རྫོགས་པའི་མང་ཚོགས་ཀྱི་རྐང་གྲུག་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་ཐུབ་པ་བྱུང་།
ཚོགས་འདུ་ལས་བླང་བྱ་བཏོན་དོན། འདུ་ཤེས་གཙོ་བོ་བརྟན་སྲུང་བྱེད་པའི་ཐད་སླར་ཡང་རིམ་སྤོར་བྱས་ནས། མཐོ་སྒང་གི་ཉམས་འགྱུར་དང་ནོར་གནག་གི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། “ཐོན་ལས་དྲུག”མཉམ་འདྲེས་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ། རྩལ་འགྲན་གཟེངས་སུ་ཐོན་པ་དང་འཚོ་བ་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། རིམ་འདས་མཉམ་འགྲན་འདི་ཉིད་མཚོ་སྔོན་གྱི་སྙིང་སྟོབས་མངོན་ས་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་ཤིག་ཏུ་འབད་པས་བསྐྲུན་དགོས། རྐང་གྲུག་རུ་ཁག་གི་སྐས་རིམ་རུ་ཁག་འཛུགས་སྐྲུན་ཐད་སླར་ཡང་རིམ་སྤོར་བྱས་ནས། རྐང་འཛིན་རུ་ཁག་སྔར་ལས་སྟོབས་ལྡན་དུ་གཏོང་དགོས། སྐས་རིམ་རུ་ཁག་གི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྐང་གྲུག་རུ་ཁག་གི་དྲིལ་སྒྲོག་བྱ་བར་མཐོང་ཆེན་བྱས་ཏེ། རིམ་འདས་མཉམ་འགྲན་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། འགྲན་བསྡུར་གཙོ་བོའི་གཡུལ་ས་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་། ཕྱི་ཕྱོགས་དང་བསམ་བློ་བརྗེ་རེས་བྱེད་ཚད་སྔར་ལས་དམ་ཟབ་ཅན་དུ་གཏོང་བ། སྤུས་རྟགས་མཐོར་འདེགས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་མ་དངུལ་སྒོ་ཀུན་ནས་འགུག་པ། རིམ་འདས་མཉམ་འགྲན་འཕེལ་རྒྱས་ཀྱི་བར་སྟོང་རྒྱུན་མཐུད་ངང་རྒྱ་བསྐྱེད་དགོས། གྲུག་ཞེན་པ་དང་དྲ་གྲགས་གསོ་སྐྱོང་བྱེད་པའི་ཐད་སླར་ཡང་རིམ་སྤོར་བྱས་ནས། དྲ་ཞེན་པའི་དཔུང་སྡེ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། “དྲ་གྲགས”གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་རྐང་གྲུག་སྐར་ཆེན་གྱིIPབསྐྲུན་པ་བཅས་བྱས་མཐར། རིམ་འདས་མཉམ་འགྲན་གྱི་སྤུས་རྟགས་ཀུན་ནས་རྒྱས་པར་བྱེད་དགོས། རྩ་འཛུགས་གཏིང་ཟབ་དང་ཞིབ་ཚགས་སུ་གཏོང་བའི་ཐད་སླར་ཡང་རིམ་སྤོར་བྱས་ནས། འགྲན་བསྡུར་གྱི་རྩ་འཛུགས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུའི་མ་ལག་ཞིབ་ཚགས་སུ་གཏོང་བ། བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རིམ་འདས་མཉམ་འགྲན་ལོ་རེ་བཞིན་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་གདེང་འཇོག་མ་ལག་སླར་ཡང་རིམ་སྤོར་བྱས་ནས། རྩ་འཛུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། གདེང་འཇོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འགྲན་བསྡུར་འཁོར་སྐྱོད་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། མཐོ་སྒང་གི་རྐང་གྲུག་སྣང་བརྙན་ལེགས་པོ་སྒོ་ཀུན་ནས་བསྐྲུན་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་ཞིང་ཆེན་ལུས་རྩལ་ཅུས། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།