
ཟླ4པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྒྲིལ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་ཚེས30ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྒྲིལ། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་མཛད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་གསར་དུ་བཟོ་བཅོས་བརྒྱབ་པའི་བཙོན་ཁང་བཅའ་ཁྲིམས་དང་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། ཧན་ཅོན་གྱི་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་ཀྲང་ཀྲུའུ་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ་དང་། ཀྲང་ཁྲིན་ཀྲུང་འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ་གཏན་འཁེལ་བྱས།
ཚོགས་ཐོག་ཏུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》གི་ཐག་གཅོད་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཅིག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཏུར་མེན་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》གི་ཐག་གཅོད་ལ་ཆོག་མཆན་གནང་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཧྥེང་དབྱི་ཡི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཚོགས་འདུའི་ཐོག་ད་དུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་འབྲེལ་ཡོད་བརྡས་ཐག་གཅོད་པའི་དོན་ཚན་འགྲུབ་རྗེས་ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་།
ཀྲའོ་ལེ་ཅི་ཡིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་བཅའ་ཁྲིམས་འཆར་ཟིན8ལ་གྲོས་ཞིབ་བྱས་པ་དང་དེའི་ནང་འཆར་ཟིན2ལ་གྲོས་འཆམ་བྱུང་ཡོད། གསར་དུ་གཏན་འབེབས་བྱས་པའི་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ཀྱིས་དམངས་འཚོ་འགན་སྲུང་གི་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པ་དང་། སྤྱི་ཚོགས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། བཟོ་བཅོས་བརྒྱབ་རྗེས་ཀྱི་བཙོན་ཁང་བཅའ་ཁྲིམས་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་ཅེས་བསྟན།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། འགན་འཁྲིའི་བྱ་བ་སྒྲུབ་པ་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། དམངས་ཆེན་གྱི་བྱ་བའི་སྤུས་ཚད་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ལེགས་པོ་ཞིག་རྩོམ་པར་བྱས་རྗེས་འཇོག་དགོས། སློབ་སྦྱོང་ལ་ཤུགས་སྣོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་། སྲོག་ཤིང་གི་དོན་གནད། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་མ་ལག་ལྡན་པར་སློབ་སྦྱོང་ཡག་པོ་བྱས་ནས་གོ་བ་ལེན་པ་དང་། དེའི་ནང་འདུས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱེད་དགོས། དམངས་ཆེན་ལམ་ལུགས་དང་དམངས་ཆེན་བྱ་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྱོན་ཡོངས་ལྟ་བ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་དམིགས་ནས་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ལས་འགན་དང་བྱེད་ཐབས་དོན་འཁྱོལ་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལག་ལེན་དང་། མི་དམངས་མང་ཚོགས་ཀྱི་གང་བསམ་གང་སྨོན་གང་འདོད་སོགས་ལ་དམིགས་ཏེ་ཁྲིམས་བཀོད་འགན་འཁྲི་སྒྲུབ་པ། བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་མཐོ་རུ་བཏང་ནས། དམངས་ཆེན་བྱ་བ་སྔར་ལས་དོན་དངོས་དང་མཐུན་པ་དང་དམངས་འཚོ་དང་ཉེ་བར་བཅར་ཐུབ་པ་བྱེད་དགོས། འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་དང་། བདེན་འཚོལ་དོན་གཉེར་གྱི་བྱ་བའི་སྤྱོད་ཚུལ་དར་སྤེལ་གཏོང་བ། འགན་འཁྲི་སྒྲུབ་ཁོངས་སུ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། འགན་འཁྲི་ནན་ཏན་སྒྲུབ་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་དམངས་ཆེན་གྱི་བྱ་བ་སོ་སོ་སྤུས་ཚད་མཐོན་པོའི་སྒོ་ནས་ཡག་པོར་བསྒྲུབ་དགོས།
ཚོགས་འདུ་མཇུག་བསྒྲིལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་གཉིས་པ་བྱས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས30ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། །