དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་མཁར་གྲོང་དུ་ལས་ཞུགས་མི་སྣ་ཁྲི299གསར་སྣོན་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས28ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་མཁར་གྲོང་དུ་ལས་ཞུགས་མི་སྣ་ཁྲི299གསར་དུ་བསྣན་པ་དང་། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས་ཡོད།

ལས་ཞུགས་སྲིད་ཇུས་ཕྱོགས་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ《མཁར་གྲོང་གི་ལས་ཞུགས་སྲིད་ཇུས་མ་ལག་གཅིག་འདོམས་བྱེད་པའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས་ཏེ། ཁེ་ལས་དང་དམངས་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོའི་ཕྱིར་སྤྲོད་མ་དངུལ་སྒོར་དུང་ཕྱུར31དང་། ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཁ་གསབ་སྒོར་དུང་ཕྱུར5། ནུས་རྩལ་མཐོ་རུ་གཏོང་བའི་ཁ་གསབ་སྒོར་དུང་ཕྱུར8བཅས་རྩིས་སྤྲོད་བྱས།

གཙོ་གནད་ཚོགས་སྤྱིའི་ཕྱོགས་ནས། དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ཞིང་། བསྡོམས་པས་ལས་མི་བསྡུ་བའི་ཚོགས་འདུ་ཐེངས་ཁྲི5.9སྤེལ་བ་དང་། ལས་གནས་ཁྲི3600ཁྱབ་བསྒྲགས་བྱས།“དཔྱིད་ཀྱི་དྲོད་ཁོལ་ཞིང་པ་ལས་མིར་སྦྱིན”ཞེས་པའི་ཞབས་ཞུའི་འགུལ་སྐྱོད་སྤེལ་ནས།“གནས་ལ་གནས་གཏད”ཀྱི་ཞིང་པ་ལས་མི་མི་ཐེངས་ཁྲི100ཙམ་སྐྱེལ་འདྲེན་བྱས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུ་སློབ་གྲྭར་བསྐྱོད་པའི་ཉིན་བརྒྱའི་འགུལ་སྐྱོད་སྤེལ་མགོ་བརྩམས་ནས། སྔར་ལས་མང་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་སྔ་མོ་ནས་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།

ནུས་རྩལ་གསོ་སྦྱོང་ཕྱོགས་ནས།“ནུས་རྩལ་གྱིས་མདུན་ལམ་གསལ་བར་བྱེད་པའི”གསོ་སྦྱོང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། གཞི་ཁྱོན་ཆེ་བའི་ལས་རིགས་ནུས་རྩལ་མཐོ་རུ་གཏོང་བའི་གསོ་སྦྱོང་འགུལ་སྐྱོད་ཀྱི་སྲིད་ཇུས་དང་བྱེད་ཐབས་བཟོས་ཏེ། མི་ཐབས་རིག་ནུས་དང་། དམའ་དབྱིངས་དཔལ་འབྱོར། ནུས་ཁུངས་གསར་བའི་རླངས་འཁོར། ལུས་གསོས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་གསོ་སྦྱོང་གི་ཐོན་ཁུངས་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།