རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་ལས་རིགས་ལ་འཕེལ་རྒྱས་གསར་པ་བྱུང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒན་གསོ་ཞབས་ཞུའི་ལས་རིགས་ནི་མང་ཚོགས་དུང་ཕྱུར་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་དམངས་འཚོའི་ལས་དོན་ཡིན་ལ། འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ལྡན་པའི་ཉི་གཞོན་ཐོན་ལས་ཀྱང་ཡིན། 2025ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྒན་གསོ་ལས་ཁུངས་ཀྱི་ལས་གཉེར་མི་སྣ་ཁྲི72.2ཡོད་པ་དང་། བསྡོམས་པས་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་ཁྲི49.5བཀོད་སྒྲིག་བྱས་པ། ཞབས་ཞུ་མི་ཐེངས་ཁྲི2600ལས་བརྒལ་ཡོད་པས། རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་གོམ་སྟབས་གསར་པ་སྤོས་ཡོད།

ཀྲུང་གོའི་རྒན་རྒོན་མི་འབོར་གྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན། སྔོན་དཔག་ལྟར་ན2035ལོའི་གཡས་གཡོན་དུ་སླེབས་དུས། རྒྱལ་ཡོངས་ཀྱི་ལོ60དང་དེ་ཡན་གྱི་རྒན་རྒོན་གྱི་མི་འབོར་དུང་ཕྱུར4ལས་བརྒལ་ནས། བགྲེས་སོང་ཅན་ཚབས་ཆེན་གྱི་དུས་མཚམས་སུ་བསླེབ་རྒྱུ་རེད། རྒན་གསོ་ཞབས་ཞུའི་ལས་རིགས་གོང་འཕེལ་སྤུས་འབྲས་ལེགས་གཏོང་དང་། གྲངས་འབོར་འཕར་སྣོན་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒས་དུས་འཚོ་བརྟེན་ཡོད་པ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན།

ཉེ་བའི་ལོ་འགའི་རིང་། གཞུང་ལས་ཁང་གཉིས་ཀྱིས《གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས་ནས། "རྒྱལ་ཁབ་ཀྱི་གཞི་རྩའི་རྒན་གསོ་ཞབས་ཞུའི་ཞིབ་ཐོ"གཏན་འབེབས་བྱས་པ་ནས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར》ཐེངས་དང་པོར་ཀྲུང་དབྱང་གི་ངོས་ནས་རྒན་གསོ་ཞབས་ཞུའི་ལས་དོན་མ་ལག་ཅན་དུ་འགྱུར་བའི་ལམ་ལུགས་ཇུས་འགོད་བྱས་པ་དང་། རྩེ་རིམ་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་འདུས་གྲུབ་ངང་བཏོན་ཏེ། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་རྒན་གསོ་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཛུགས་པར་ལམ་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

མིག་སྔའི་བར་དུ། རང་རྒྱལ་གྱིས་འབྲིང་ཙམ་ཡན་གྱི་ནུས་པ་ཤོར་བའི་རྒན་རྒོན་ལ་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་བསྡོམས་པས་དངུལ་གྲངས་སྒོར་དུང་ཕྱུར33.93རྩིས་ཞུ་བྱས་པ་དང་། རྒན་གསོའི་འཛད་སྤྱོད་དངུལ་གྲངས་ལ་ཞབས་འདེགས་ཞུ་བར་སྒོར་དུང་ཕྱུར162.58སྐུལ་ཁྲིད་བྱས། ནུས་པ་ཤོར་བའི་རྒན་རྒོན་ཁྲི138བརྒལ་བར་དེའི་ཁྲོད་ནས་ཁེ་ཕན་ཐོབ། ས་གནས་སོ་སོ་དབྱེ་ནས་བལྟས་ན། ཀོང་ཞི་ཡིས"རྒན་གསོ་དང+ཡུལ་སྐོར+ལས་རིགས"བཅས་ཀྱི་ལས་རིགས་གསར་པ་འཕེལ་རྒྱས་བཏང་སྟེ། ལོ་རེར་ཀོང་ཞི་རུ་རྒན་གསོ་ལ་ཟླ་ཕྱེད་རིང་ཡུལ་སྐོར་དུ་བསྐྱོད་པའི་རྒན་རྒོན་མི་ཐེངས་ཁྲི400ལྷག་ཡོད་པ་དང་། ཀྲེ་ཅང་གིས་ཞིང་ཆེན་རིམ་པའི་དབུ་དཀར་དཔལ་འབྱོར་ཐོན་ལས་གླིང་དུ་དབུ་དཀར་དཔལ་འབྱོར་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར28མངོན་འགྱུར་བྱས་ཡོད། སྲིད་ཇུས་ཀྱི་སྐུལ་འདེད་དང་སྣེ་ཁྲིད་འོག་དམངས་ཡོངས་ཀྱིས་མཉམ་འཛུགས་མཉམ་སྐྱོང་དང་མཉམ་སྤྱོད་བཅས་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གྱུར་ཡོད།

"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད་ཀྱི་རྩ་གནད་ཁྲོད་མཁར་གྲོང་གི་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས་པ་བཏོན་ཡོད། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་ནས། རྒན་གསོའི་ཁྱབ་ཁོངས་ཐད་བླང་བྱ་བཏོན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་སྔར་བས་དམ་ཚགས་སུ་འགྲོ་རྒྱུ་དང་། རྒན་གསོ་ཞབས་ཞུའི་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་འབྱུང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།