
ཟླ4པའི་ཚེས29ཉིན། སྐབས་དགུ་པའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་རྩེ་ཚོགས་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་མགོ་བརྩམས་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན།《གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་སྙན་ཞུ(2025ལོ)》ཞེས་པ་དེ་སྐབས་དགུ་པའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་རྩེ་ཚོགས་སྟེང་དངོས་སུ་ཁྱབ་བསྒྲགས་བྱས། སྙན་ཞུ་ལས་མངོན་པ་ལྟར་ན། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གྱུར་བ་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།
སྙན་ཞུ་ལས་བསྟན་དོན། 2025ལོར། རང་རྒྱལ་གྱིས་གྲངས་ནུས་ཁྱབ་ཁོངས་ཀྱི་ལམ་ལུགས་གསར་པ་འཚོལ་ཞིབ་དང་། གྲངས་ནུས་ལག་རྩལ་གྱི་གྲུབ་འབྲས་གསར་པ་བཀོལ་སྤྱོད། གཞི་གྲངས་གཅིག་སྡུད་བཀོལ་སྤྱོད་ཀྱི་རྣམ་པ་གསར་པ་རྒྱ་སྐྱེད། མི་ཐབས་རིག་ནུས་ཀྱི་རྨང་གཞིའི་འཛུགས་སྐྲུན་གསར་པ་དང་གྲངས་འཛིན་ཤེས་ལྡན་མི་སྣའི་དཔུང་ཁག་གསར་པ་སྐྱེད་སྲིང་སོགས་ཐད་ཀྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཡོད། “ཤར་གྲངས་ནུབ་རྩིས”ཀྱི་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་རྒྱག་དྲ་བ་མགྱོགས་མྱུར་ངང་བསྐྲུན་ཡོད། མིག་སྔར་རང་རྒྱལ་ནི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ཆེད་ཁེ་ཡོད་པའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས། བསྡུར་ཚད60%ལ་སླེབས་ཡོད། AIབཀོལ་སྤྱོད་དེ་རིག་ནུས་གཟུགས་ཀྱི་རིམ་སྤར་ལ་ཕྱོགས་ཏེ། ཚིག་རྒྱུ(Token)ཟད་གྲོན་མགྱོགས་མྱུར་ངང་འཕར་བར་སྐུལ་ཁྲིད་བྱས།
སྙན་ཞུ་ལྟར་ན། 2025ལོར། མི་ཐབས་རིག་ནུས་འཐུས་ཚབ་ཡིན་པའི་གྲངས་ནུས་ལག་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་། སྲིད་དོན་ཞབས་ཞུ། རིག་གནས་ལས་དོན། སྤྱི་ཚོགས་ཀུན་ཕན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཐད་ཀྱི་ནུས་གནང་ནུས་འབྲས་རྒྱུན་ཆད་མེད་པར་མངོན་ཡོད། དེའི་ཁྲོདཞ གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕར་ཐང་ལས་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་བསྡུར་ཚད་ཀྱི10.5%ཡན་ཟིན་པ་དང་ཡ། མི་ཐབས་རིག་ནུས་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.2ལས་བརྒལ་ཡོད།“ལས་ཆོད་ཆེན་པོས་བྱ་བ་གཅིག་བསྒྲུབ་པའི”གཙོ་གནད་དོན་ཚན་ཞིབ་ཐོ་རྒྱུན་མཐུད་ངང་ཤོང་ཚད་ཆེ་རུ་གཏོང་བ་དང་། སྲིད་དོན་དཔེ་དབྱིབས་ཆེན་པོའི་ཉེར་སྤྱོད་འགྲོས་སྣོན་ལ་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ཀྱི་ཤེས་རིག་སློབ་གསོ་སྤྱི་པའི་ཞབས་ཞུའི་སྟེགས་བུ་སྤྱོད་པའི་སྤྱི་འབོར་དུང་ཕྱུར1.78ལས་བརྒལ་ནས། རྒྱལ་ཁབ་དང་ས་ཁུལ200ལྷག་ལ་ཁྱབ་པ་དང་། དྲ་སྦྲེལ་སྨན་བཅོས་སྤྱོད་མཁན་གྱི་གཞི་ཁྱོན་དུང་ཕྱུར4.11ལ་སླེབས་པ་དང་། དེས་དྲ་དམངས་ཧྲིལ་པོའི36.5%ཟིན་ཡོད།
རྒྱལ་ཁབ་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་དབྱིན་གྱི་བསྟན་དོན། མིག་སྔར་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དངུལ་གཏོང་དང་དངུལ་བསྡུ་ཞབས་ཞུའི་ནུས་པ་དང་། བདེ་འཇགས་འགན་ལེན་ནུས་པ། གྲངས་འཛིན་བཅོས་སྐྱོང་གི་ནུས་ཆོད། རྒྱལ་སྤྱིའི་མཉམ་ལས་ཀྱི་ཤུགས་རྐྱེན་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། 2025ལོར་རྒྱལ་ཁབ་ཀྱི་ལས་གཏོད་མ་དངུལ་འཇོག་པའི་ཁྲིད་སྟོན་ཐེབས་རྩ་སྤེལ་མགོ་ཚུགས་པ་དང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་དུས་མཉམ་ལས3.5%འཕར་ཞིང་། དེའི་ནང་ཆ་འཕྲིན་ཞབས་ཞུའི་ལས་རིགས་ཀྱི་དངུལ་གཏོང་ལོ་གོང་མ་ལས28.4%འཕར་ཡོད། །