“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤུས་ནུས་མཐོར་འདེགས་ལོའི”འགུལ་སྐྱོད་སྤེལ་མགོ་བརྩམས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་མཉམ་འབྲེལ་སྒོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ནས། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤུས་ནུས་མཐོར་འདེགས་ལོའི”འགུལ་སྐྱོད་དངོས་སུ་སྤེལ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤུས་ནུས་མཐོར་འདེགས་ལོའི”འགུལ་སྐྱོད་སྤེལ་བ་ནི་རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཡིན་ལ། སྲིད་འཛིན་ལྟ་རྟོག་དང་ཞིབ་དཔྱོད་ལྟ་སྐུལ་སྦྲེལ་མཐུད་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་འགག་གནད་དཀའ་གནད་གེགས་མེད་ཡོང་བར་བྱེད་པའི་གནད་འགག་གི་བཀོད་སྒྲིག་ཀྱང་ཡིན། འགུལ་སྐྱོད་དེ2026ལོའི་ལོ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། 《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལག་བསྟར་བྱེད་པ་དེ་གཙོ་ཐིག་ཏུ་བཟུང་ཞིང་། ཁྲིམས་གཅོད་སྦྲེལ་མཐུད་ཚད་ལྡན་དུ་བཏང་ནས་གྱོད་གཞི་བསྒྲུབ་པའི་སྤུས་ནུས་མཐོར་འདེགས་གཏོང་བ་དང་། སྲ་གཟུགས་སྙིགས་རྫས་ཀྱི་སྦགས་བཙོག་གཙང་སེལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་སྐྱིན་ཚབ་སྤྲོད་པ་དང་སྤྱི་ཕན་གཏུག་བཤེར་སྦྲེལ་མཐུད་དམ་ཟབ་བྱེད་པ། ཁུལ་ཁོངས་གཙོ་བོར་ཆེད་དོན་ལྟ་སྐུལ་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་ལ་ཤུགས་སྣོན་པ་བཅས་ཀྱི་ལས་འགན་གཙོ་བོ་ལྔ་ལ་དམིགས་ཏེ། དུས་རིམ་གསུམ་དུ་དབྱེ་ནས་སྐུལ་འདེད་བཏང་བ་དང་། དེའི་དམིགས་ཡུལ་ནི“ཁྲིམས་བསྟར+ཁྲིམས་འཛིན”མཉམ་འབྲེལ་མཐུན་སྦྱོར་གྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁུངས་སྣེ་བརྒྱུད་སྤྲོད་དང་མཉམ་འབྲེལ་ཞིབ་བཤེར། ཆེད་དོན་ལྟ་སྐུལ། གྱོད་གཞིའི་ཁྲིད་སྟོན་བཅས་ལ་ཤུགས་སྣོན་པ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་གྱོད་གཞི་ཡོད་རུང་བརྒྱུད་སྤྲོད་མི་བྱེད་པ་དང་། ཆད་པ་བཅད་ནས་ཉེས་ཚབ་བྱེད་པ། ཉེས་པ་དང་ཆད་པ་མི་འཁུར་བ་སོགས་ཀྱི་མངོན་གསལ་གནད་དོན་ཐག་གཅོད་བྱས་ཏེ། སྲིད་འཛིན་ཞིབ་བཤེར་ཐག་གཅོད་དང་། ཉེས་དོན་རྡུང་རྡེག སྤྱི་ཕན་སྲུང་སྐྱོབ། སྐྱེ་ཁམས་སླར་གསོ་བཅས་ཀྱི་གདུབ་སུམ་བཅོས་སྐྱོང་མ་ལག་གྲུབ་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། 

ཆེད་ལས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་ཆེད། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་མཉམ་དུ་ཆེད་མཁས་པའི་མཛོད་བསྐྲུན་པ་དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་དང་། ཁྲིམས་རིག་ཆེད་མཁས་པ། རྒྱལ་ཡོངས་དམངས་ཆེན་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། མི་དམངས་ལྟ་རྟོག་པ་དང་། སྡེ་ཁག་གཉིས་ཀྱི་ལས་སྒོའི་རྐང་འཛིན་པ་བཅས་གཅིག་སྡུད་བྱས་ཏེ། དོགས་གཞི་ཅན་གྱི་གྱོད་གཞི་གལ་ཆེན་ཐག་གཅོད་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་དཔྱད་འཇོག ཁྲིམས་སྐྱོང་གཞུང་ལུགས་ཞིབ་འཇུག་སོགས་ཀྱི་ཐད་རིག་ནུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།