ཟླ4པའི་ཚེས27ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་བྲག་གི་ཐང་གནས་སྤོར་སྡེ་ཁུལ་གྱི་རྒན་གསོ་ཁང་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས།
བྱ་འགུལ་སྤེལ་བའི་ཉིན་དེར། གཅན་ཚ་རྫོང་བོད་སྨན་ཁང་གིས་རྐང་འཛིན་སྨན་ཞབས་མི་སྣ་རྩ་འཛུགས་བྱས་ནས་རིན་མེད་འོས་འགན་བརྟག་དཔྱད་དང་བླངས་ཞབས་ཞུ་སྤེལ་ཏེ། སྡེ་ཁུལ་གྱི་རྒན་པ་རྣམས་ལ་བདེ་ཐང་ལུས་བརྟག་དང་དལ་གཤིས་ནད་ཀྱི་སྨན་བཅོས། སྨན་གྱི་བཀོལ་ཐབས་མཛུབ་སྟོན། རྒྱུན་སྤྱོད་སྨན་རྫས་རིན་མེད་ཀྱིས་སྟེར་བ། ཁ་གཏད་རང་བཞིན་གྱི་བདེ་སོས་བརྟག་བཅོས་སོགས་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱས་ནས། བཅོས་གསོ་ཟུང་འབྲེལ་གཏིང་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་བྱས་ཏེ། མང་ཚོགས་ཀྱིས་ཁྱིམ་ཚང་གི་སྒོ་ཁ་ནས་སྤུས་ལེགས་སྟབས་བདེའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།
བྲག་གི་ཐང་གནས་སྤོར་སྡེ་ཁུལ་གྱི་རྒན་གསོ་ཁང་ནི་གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོབ་ཤུགས་ཆེན་འོག གཅན་ཚ་རྫོང་དམངས་སྲིད་ཅུས་ཀྱིས་གཅིག་གྱུར་འཆར་འགོད་སྒོས་སྒོར་ཁྲི500ལྷག་གི་ཆེད་དམིགས་མ་དངུལ་བཏང་སྟེ། ཚད་གཞི་མཐོན་པོའི་སྒོ་ནས་རྒན་གསོ་ཁང་གི་བཟོ་བཀོད་གཙོ་བོའི་འཛུགས་སྐྲུན་དང་ཁང་པའི་ནང་ཁུལ་གྱི་བྱེད་ནུས་སྒྲིག་བཀོད་ཆ་སྒྲིག མེ་འགོག་བདེ་སྲུང་མ་ལག་རིམ་སྤོར། སྤྱིའི་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་བསྒྱུར་བཅོས་གཏོང་བ་སོགས་ཀྱི་གཙོ་གནད་བཟོ་འགོད་ལེགས་འགྲུབ་བྱས་ཡོད། རྒན་གསོ་ཁང་དེས་འཆར་གཞི་ལྟར་ན་ཚད་ལྡན་ཅན་གྱི་རྒན་གསོ་མལ་ཁྲི40འཇོག་རྒྱུ་དང་། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་དཔེ་སྟོན་གནས་ཡུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། བྱེད་ནུས་ཆ་ཚང་ཞིང་བདེ་འཇགས་ཚད་ལྡན་ཡིན་པ། ཁོར་ཡུག་སྐྱིད་པའི་རྒན་གསོ་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་བཙུགས་ཏེ། གནས་སྤོར་སྡེ་ཁུལ་ཉེ་འཁོར་གྱི་རྒན་གསོ་ཞབས་ཞུའི་ཞན་ཆ་ཁ་གསབ་ནུས་ལྡན་བྱས་པ་དང་། མངའ་ཁུལ་གྱི་རྒན་པ་རྣམས་ལ་ཉིན་མོའི་བདག་སྐྱོང་དང་བག་ཡངས་ཁམས་གསོ། ཉིན་རྒྱུན་འདུག་རོགས་བྱེད་པ་སོགས་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུ་སྣ་མང་འདོན་སྤྲོད་བྱེད་ཐུབ་ལ། གནས་སྤོར་རྒན་པས“ཁྱིམ་ཚང་གི་སྒོ་ཁ་ནས་ཚེ་མཇུག་སྐྱིད་པོར་རོལ་བའི”ཁ་ཚ་དགོས་གཏུག་གི་དགོས་མཁོ་བསྐངས། དུས་མཚུངས་སུ། སྡེ་ཁུལ་གྱི“རྒན་པ་གཅིག་དང་གཞོན་པ་གཅིག”གི་ཟས་སྐྱེལ་ཞབས་ཞུའི་ས་ཚིགས་དུས་མཉམ་དུ་རིམ་སྤོར་བསྒྱུར་བཅོས་བྱས་ནས། འཚོ་བཅུད་བཟའ་བཏུང་ཟས་ཐོ་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་བཟོ་བྱེད་པ་དང་། བཟའ་བཏུང་གི་ཁོར་ཡུག་དང་ཞབས་ཞུའི་རྣམ་པ་ལེགས་བསྒྱུར་བྱེད་པ། རྒན་པ་རྣམས་ལ་འཚམ་པའི་བདེ་ཐང་གི་བཟའ་བཏུང་དང་ན་གཞོན་དང་གཞིས་སྲུང་བྱིས་པའི་བཅུད་ལྡན་བཟའ་བཏུང་གི་དགོས་མཁོ་གཉིས་ཀར་བསྟུན་ནས། རྒན་པས་བཟའ་བཏུང་གཡོས་སྦྱོར་བྱེད་རྒྱུ་སྟབས་མི་བདེ་བ་དང་གཞིས་སྲུང་བྱིས་པས་ཉེ་འགྲམ་ནས་ཟ་མ་བཟའ་ཐུབ་པ་དང་གནས་སྐབས་བདག་སྐྱོང་སོགས་དམངས་འཚོའི་དཀའ་གནད་སེལ་ཐབས་བྱས་ཏེ། གནས་སྤོར་སྡེ་ཁུལ་གྱི་རྒན་གསོ་ཟས་རིགས་ཞབས་ཞུའི་སྟོང་ཆ་བསྐངས་ཤིང་། མངའ་ཁུལ་གྱི་རྒན་རྒོན་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་བརྩེ་བ་དྲོན་མོ་དངོས་གནས་ཚོར་དུ་བཅུག
རྗེས་མར། གཅན་ཚ་རྫོང་དམངས་སྲིད་ཅུས་ཀྱིས་གཞི་རིམ་རྒན་གསོ་ཞབས་ཞུའི་གཞི་རྟེན་རྒྱུན་ཆད་མེད་པར་བརྟན་པོར་བསྐྲུན་ནས། རྒན་གསོ་ལས་ཁུངས་ཀྱི་ཉིན་རྒྱུན་གྱི་འཁོར་སྐྱོད་དོ་དམ་ཚད་ལྡན་དུ་བཏང་ཞིང་། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་དཔེ་སྟོན་ས་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ལས་གཞི་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། ཞབས་ཞུའི་ལག་སྣེ་རྒྱུན་བསྲིངས་ཏེ། “རྒན་པ་གཅིག་དང་བྱིས་པ་གཅིག”གི་དམངས་འཚོའི་འགན་སྲུང་དྲ་རྒྱ་རྒྱུན་ཆད་མེད་པར་དམ་ཚགས་བཟོས་ནས། མཛའ་བརྩེས་མས་སྐྱོར་འགན་སྲུང་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱེད་པ། དམངས་འཚོའི་ཞབས་ཞུའི་མཁོ་འདོན་གྱི་སྤུས་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། མངའ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་དངོས་གནས་ཇེ་དྲག་ཏུ་གཏོང་རྒྱུ་རེད། །