ཞིང་ཆེན་ཡོངས་ཀྱི་བྱ་རིགས་ཁ་གྲངས541ལ་འཕར་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4ཚེས27ཉིན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྫོང་རིམ་པའི་ས་ཁོངས་ཀྱི་རྒྱལ་ཁབ་གཙོ་གནད་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བརྟག་དཔྱད་མཇུག་འབྲས་དང་པར་གཞི་གསར་ཤོས་ཀྱི《མཚོ་སྔོན་གྱི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་རིགས་དབྱེ་དང་ཁྱབ་ཚུལ》གཞིར་བཟུང་ནས་མཚོ་སྔོན་ཞིང་ཆེན་བྱ་རིགས་མིང་ཐོ་གསར་བསྒྱུར་བྱས་པར་གཞིགས་ན། ད་ལྟ་ཞིང་ཆེན་ཡོངས་སུ་བྱ་རིགས541ཡོད་པ་དང་། སྒྲོ་ལེབ་ཉ་སྐྱར་དང་། བྱ་རོག་བྱེའུ་མགོ་སྨུག ཁུ་བྱུག་སྐད་ཅོར་ཅན་སོགས་བྱ་རིགས9ཁ་སྣོན་བྱས་པ་དང་། དུས་བྱའི་རིགས389། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱ་རིགས 27དང་རིམ་པ་གཉིས་པའི་བྱ་རིགས89བཅས་ཇེ་མང་དུ་སོང་ཡོད།    

མཚོ་སྔོན་ནི་ཨེ་ཤེ་ཡ་ཤར་མ་ནས་ཨོ་སི་ཁྲུ་ལི་ཡ་ནུབ་མ་དང་ཨེ་ཤེ་ཡ་དབུས་མ་བཅས་ཀྱི་བྱ་རིགས་གནས་སྤོར་བགྲོདལམ་་སྟེང་གནས་ཤིང་།    ལོ་རེ་བཞིན་དུས་བྱ་ཁྲི་བརྒྱ་ཕྲག་ཁ་ཤས་འདི་གར་ངལ་གསོ་དང་སྐྱེ་འཕེལ། དགུན་སྐྱེལ་བྱེད་བཞིན་ཡོད། རང་ཞིང་གིས་བསྟུད་མར་ལོ་ལྔའི་རིང་དགུན་སྐྱེལ་ཆུ་བྱ་ལ་དུས་མཉམ་ཏུ་ལྟ་ཞིབ་ཚད་འཇལ་བྱེད་བཞིན་ཡོད་པ་དང་ན་ནིང་བྱ་རིགས་གནས་སྡོད་ས་ཁུལ་གཙོ་ཤས137ལ་ཁྱབ་ཡོད་པ་དང་སྟོན་ཀའི་གནས་སྤོར་ཆུ་བྱའི་རིགས78དང་ཆུ་བྱ་ཁྲི69ལྷག་ལ་སླེབས་ཡོད། 2026ལོར་དགུན་སྐྱེལ་ཆུ་བྱའི་རིགས49དང་ཆུ་བྱ་ཁྲི་5ལྷག་ཙམ་ཡོད་པས་དུས་མཉམ་དང་བསྡུར་ན་བྱ་རིགས7འཕར་བ་དང་དེའི་ནང་ངང་དཀར་ཆེ་བའི་གྲངས9.8%འཕར་ཡོད།  2026ལོའི་དཔྱིད་དུས་ཀྱི་གནས་སྤོར་བྱ་རིགས་ལ་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད།  

ཉེ་བའི་ལོ་ཤས་རིང་། རང་ཞིང་གིས་རྒྱུན་མཐུད་གྱི་སྲུང་སྐྱོང་དོ་དམ་བྱེད་ཐབས་སྣ་ཚོགས་གཏིང་ཟབ་ཏུ་བཏང་བ་དང་། ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ།《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྲོལ་ཡིག》གིས་ས་གནས་ཁྲིམས་འཛུགས་གི་སྟོང་ཆ་བསྐངས་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་རྔོན་འགོག་ས་ཁུལ་དང་རྔོན་འགོག་དུས་ཚོད་ཀྱི་གསལ་བརྡ་གཏོང་བ་དང་། རིམ་པ་གསུམ་གྱི་མཉམ་འབྲེལ་ལམ་སྲོལ་བྱེད་ཐབས་བཙུགས་ནས་བྱ་རིགས་གནས་སྡོད་ཁུལ་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་རྒྱུན་མཐུད་གྱིས་རི་སྐྱེས་སྲོག་ཆགས་བརྟག་དཔྱད་ལྟ་ཞིབ་ཚད་ལེན་བྱས་ཏེ་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་བཅས་སུ་འདབ་ཆགས་གཏུམ་པོའི་གནས་སྤོར་བགྲོད་ལམ་གཉིས་གསར་རྙེད་བྱུང་། མཚོ་གླག་མཇུག་དཀར་དང་ཁྲུང་ཁྲུང་སྐེ་ནག ངང་དཀར་ཆེ་བ་སོགས་དུས་བྱའི་གནས་སྤོར་ལམ་ཐིག་གལ་ཆེན་ཉེར་གཉིས་སྲུང་སྐྱོང་ཁྱབ་ཁོངས་སུ་གཏོགས་པ་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱུན་མཐུད་ཀྱིས་བྱ་རིགས་བསྡུ་གཉོར་སྲུང་སྐྱོབ་བྱེད་པ།  རིམས་ནད་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཉེན་གཏོང་སོགས་ཀྱི་བྱ་བར་ཤུགས་བསྣན་ཡོད། དེའི་རྨང་གཞིའི་ཐོག“མཚོ་སྔོན་ཞིང་ཆེན་གྱི་བྱ་རིགས་སྲུང་སྐྱོང་བྱ་འགུལ་དང་ཁྲིམས་འགལ་གྱིས་བྱ་རིགས་རྔོན་པ་དང་ལྐོག་འཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བྱེད་པ”།  “2026ལོའི་གཙང་རླུང་འགུལ་སྐྱོད་”སོགས་ཆེད་དམིགས་འགུལ་སྐྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་དང་བླངས་པའི“འཕུར་སྐྱོད་སྲུང་སྐྱོང་འགུལ་སྐྱོད”གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།