2025ལོའི་ཚུན་ལ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གུང་གཞོན་ཚོགས་པའི་རྩ་འཛུགས་དང་དང་བླངས་པ་མཉམ་འབྲེལ་གྱིས་སྡེ་ཁུལ་ཞབས་ཞུའི་བཅོས་སྐྱོང་རྐྱེན་སྲོལ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་། ན་གཞོན་དང་བླངས་ཞབས་ཞུའི་བྱ་བ་ལག་བསྟར་བྱས་ཤིང་། མིག་སྔའི་བར་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སྟོང་གཅིག་དང་ལྔ་བརྒྱ་དོན་གཉིས་མངགས་ནས་རྫོང་ཞེ་བཞི་ལ་སོང་སྟེ་གཞི་རིམ་ཞབས་ཞུ་སྤེལ་བ་དང་། དང་བླངས་ཞབས་ཞུའི་ས་ཚུགས་བཅུ་བདུན་འགྲུབ་ནས། ན་གཞོན་རྣམས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས།
མཚོ་སྔོན་གྱི་མཚོ་འཕགས་མཐོ་ཞིང་ས་རྒྱ་ཡངས་པ། བར་ཁྱད་ཅན་བཅས་ཀྱི་གཞི་རིམ་ལས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དང་གྲོང་ཁྱེར། ཁུལ། ཞབས་ཞུའི་ལས་ཁུངས་བཅས་རིམ་པ་གསུམ་གྱི་མཉམ་འགུལ་དོ་དམ་བྱ་བའི་རྐྱེན་སྲོལ་རྒྱུན་རྣམ་ཅན་གྱིས་ལག་བསྟར་བྱས། དེ་དང་མཉམ་དུ། དང་བླངས་ལས་གནས་ཚང་མས་གཙོ་བོ་གྲོང་རྡལ་སྲང་ལམ་དང་། སྡེ་ཁུལ་དང་སྡེ་བ་བཅས་ལ་དམིགས་པ་དང་། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གཞི་རིམ་ལས་གནས་ཀྱི་མི་འདང་སར་གནད་འཁེལ་གྱིས་ཁ་གསབ་བྱས་ཏེ། དང་བླངས་པའི་ཆེད་ལས་ཁྱད་ཆོས་དང་བསྟུན་ནས་ལས་གནས་གཏན་འཁེལ་བྱས། དང་བླངས་པ་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཡུལ་དང་པོར་སོང་ནས། རྒྱུན་རྣམ་ཅན་གྱིས་དམངས་བདེ་ལས་སྒྲུབ་དང་རྩིས་ཐོ་ལེགས་སྒྲིག དམངས་འདོད་གྲལ་བཤེར། འགལ་བ་འདུམ་འགྲིག་སོགས་ཀྱི་རྨང་གཞིའི་དངོས་དོན་ལག་བསྟར་བྱས་པ་དང་། གཞི་རིམ་དུ་ལས་སྒྲུབ་མི་སྣ་དཀོན་པའི་དཀའ་གནད་ནུས་ལྡན་གྱིས་ཐག་གཅོད་བྱས། མཚོ་སྔོན་གྱི་སྐྱེ་ཁམས་མཐོ་ས་འཛུགས་སྐྲུན་གྱི་ལས་འགན་ལ་དམིགས་ཏེ། རིམ་པ་ལྔ་མཉམ་འགུལ་གྱིས་སྐྱེ་ཁམས་དང་བླངས་གདོང་ལེན་རུ་ཁག་སྒྲིག་འཛུགས་བྱས་པ་དང་། ཆུ་ལམ་གཙང་སེལ་དང་ཁུལ་ཁོངས་སུ་སྡོང་བོ་འཛུགས་པ། རྩྭ་ཐང་གི་སྐོར་སྲུང་། མེ་འགོག་དྲིལ་སྒྲོག་བཅས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་ཞིང་། དྲ་ཐོག་དང་ཡུལ་དངོས་སུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས།
སྐད་གཉིས་དང་བླངས་པའི་རྐང་འཛིན་གྱི་དགེ་མཚན་འདོན་སྤེལ་བྱས་པ་དང་། སྐད་གཉིས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་དང་སློབ་སྦྱོང་ལ་གཞོགས་འདེགས། དམངས་སྲོལ་མཉམ་འགུལ་བཅས་ཀྱི་བྱ་འགུལ་སྤེལ་ནས། དམངས་ཕན་སྲིད་ཇུས་དང་མི་རིགས་བྱ་བའི་བྱེད་ཕྱོགས་གནད་འཁེལ་སྒྲོག་འགྲེལ་བྱས། གྲོང་གསེབ་སློབ་གསོ་དང་གཞི་རིམ་སྨན་བཅོས་དང་བླངས་ཞབས་ཞུར་སྐུལ་འདེད་བཏང་བ་དང་། དགེ་རྒན་དང་བླངས་པས་གྲོང་གསེབ་དགེ་རྒན་གྱི་ཐོན་ཁུངས་མི་འདང་བའི་ཞན་ཆ་ཁ་གསབ་བྱས་ཤིང་། གུང་གསེང་གི་སྤྱི་ཕན་བྱམས་བརྩེའི་བདག་སྐྱོང་དང་། སློབ་ཁྲིད་དང་ལས་བྱར་གསབ་ཁྲིད། སྤྱི་སྐད་ཁྱབ་གདལ་བཅས་སྤེལ་བ་དང་། སྨན་བཅོས་ཆེད་ལས་དང་བླངས་པ་དེ་གཞི་རིམ་འཕྲོད་བསྟེན་ཁང་དུ་སོང་ནས། སྤྱི་ཕན་བརྟག་དཔྱད་དང་མྱུར་སྐྱོབ་ཤེས་བྱ་སོགས་དམངས་ཕན་སྨན་བཅོས་ཞབས་ཞུ་སྤེལ།