ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི“ཕྱིར་སྡོད་རང་མིའི་བཅའ་ཁྲིམས་ལག་བསྟར་དང་། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བ། ཕྱིར་སྡོད་རང་མིའི་སེམས་པ་གཅིག་ཏུ་འགྲིལ་བ”བཅས་ཀྱི་སློབ་སྦྱོང་དྲིལ་སྒྲོག་བྱེད་སྒོ་ཟི་ལིང་དུ་སྤེལ་འགོ་བརྩམས། དེ་ནི་རང་ཞིང་གིས“ཕྱིར་སྡོད་རང་མིར་ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོའི”ཆེད་དམིགས་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་ཕྱིར་སྡོད་རང་མིའི་སྲིད་ཇུས་དང་ཁྲིམས་སྲོལ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྔར་ལས་སྐུལ་འདེད་བཏང་སྟེ། ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
བྱ་འགུལ་དེ《མེ་ཏོག་མཉམ་བཞད》ཅེས་པའི་ཞབས་བྲོའི་ཁྲོད་འགོ་བརྩམས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་རབ་དང་རིམ་པ་འཁྲབ་སྟོན་བྱས། མཚོ་སྔོན་གྱི་དམངས་གཞས《སྐུ་ཉིད་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུ།》མཛའ་གཞས་དང་མཚོ་སྔོན་གྱི་རྒྱུད་སྙོམས་འཁྲབ་སྟོན་རེས་མོས་ཀྱིས་གར་སྟོགས་སུ་ངོམ་པ་དང་། 《མི་རིགས་མཉམ་འབྲེལ་གྱི་བྲོ་གར་ཆེན་མོ》ཞེས་པའི་ཞབས་བྲོའི་ནང་མི་རིགས་སོ་སོ་མཉམ་གནས་ཀྱི་རྣམ་པ་བཟང་པོ་མངོན་པ་དང་། ས་གནས་ཀྱི་ཉམས་འགྱུར་གྱིས་ཕྱུག་པའི་འཁྲབ་སྟོན་ལ་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་བྱས། བྱེད་སྒོའི་ཡུལ་དངོས་སུ་ད་དུང་བཅའ་ཁྲིམས་བློ་འདྲི་དང་བདེ་ཐང་འོས་འགན་སྨན་བཅོས་སོགས་ཀྱི་ཞབས་ཞུའི་སྟེགས་བུ་བཙུགས་ནས། མང་ཚོགས་ལ་ཡུལ་དངོས་ཀྱི་ཞབས་ཞུ་བསྐྲུན་པ་དང་། ཕྱིར་སྡོད་རང་མིའི་བཅའ་ཁྲིམས་དྲིལ་བསྒྲགས་དེ་དོན་དངོས་དང་མཐུན་ལ་དང་ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་རྒྱུར་སྔར་ལས་དྲོད་འཁོལ་ལྡན་པར་བྱས།
ཐེངས་འདིའི་བྱེད་སྒོ་ཕྱིར་སྡོད་རང་མིའི་བཅའ་ཁྲིམས་དྲིལ་སྒྲོག་དང་ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བ་ཟུང་འབྲེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་ཕྱིར་སྡོད་རང་མིའི་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མཐུན་སྒྲིལ་དང་གཅིག་བསྡུས་བྱས་ཏེ། ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་མི་སྣའི་ཁྱད་སྟོབས་འདོན་སྤེལ་བྱས་ནས་མཚོ་སྔོན་དང་ཕྱི་རྒྱལ་བར་གྱི་མཛའ་མཐུན་བརྗེ་རེས་མཉམ་ལས་ལ་རོགས་རམ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱེད་དུ་འཇུག་དགོས། དེ་དང་ཆབས་ཅིག ཐེངས་འདིའི་བྱེད་སྒོ་དཔེ་སྟོན་སྣེ་ཁྲིད་དུ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཕྱིར་སྡོད་རང་མིའི་ལས་དོན་སྡེ་ཁག་དང་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བྱས་ཏེ་ཟླ5པ་ནས་ཟླ7པའི་བར་ཕྱིར་སྡོད་རང་མིའི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་སྒོས་སྤེལ་ཏེ། ཕྱིར་སྡོད་རང་མིའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ནས། ཕྱིར་སྡོད་རང་མིའི་ཞབས་ཞུའི་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།