ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་པོའི་རྒྱུད་དུ་མཚོ་སྐོར་རྟོག་ཞིབ་བྱས་པ་མ་ཟད་ཡུལ་དངོས་སུ་གཞུང་སྒྲུབ་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ4པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་པོའི་རྒྱུད་དུ་མཚོ་སྐོར་རྟོག་ཞིབ་བྱས་པ་མ་ཟད་ཡུལ་དངོས་སུ་གཞུང་སྒྲུབ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་གསར་འཛུགས་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཆར་རྗེས་ཀྱི་མཚོ་སྔོན་པོ་ནི་སྔོ་ལྟེམ་མེར་འཁྱིལ་ལ། གནམ་ས་གཞི་གཅིག་ཏུ་འདྲེས་པ་དང་མཚུངས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་ནུ་ལྕེ་མཛེས་ལྗོངས་ཁུལ་དང་བྱེ་གླིང་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་སྐོར་སྣེ་ལེན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་ཆུ་གནས་འཕར་བའི་ས་ཁུལ་གྱི་གནས་སྤོ་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ནན་གྱིས་བསྟན་དོན། རང་གི་ཁྱད་ཆོས་ལྡན་པའི་མཚོ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་དགོས་པ་དང་། བློ་རིག་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལམ་རྒྱུད་ཀྱི་མཛེས་ལྗོངས་ལ་བལྟ་སའི་སྟེགས་བུ་དང་གློག་གསོག་གནས། རླངས་འཁོར་འཇོག་ས། ལྕགས་རྟར་ཞོན་མཁན་གྱི་ཞབས་ཞུ་ས་ཚུགས་སོགས་ཀྱི་སྒྲིག་ཆས་ཡག་པོ་བསྐྲུན་ཏེ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་ཡུལ་སྐོར་པའི་ཡིད་དབང་འགུག་པ་དང་ལས་རྣམ་ཕུན་སུམ་ཚོགས་པར་བརྟེན་ནས་ཡུལ་སྐོར་པ་སྔར་ལས་མང་པོ་འགུག་དགོས། ཡུལ་སྐོར་གྱི་ལམ་ཐིག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ཁྲོམ་རའི་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ། རྣམ་པ་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། གཞི་གྲངས་རིག་ནུས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ།“ལྔ་གཅིག”གི་ཡུལ་སྐོར་པ་མང་བའི་དུས་ཀྱི་བདེ་འཇགས་འགན་ལེན་དང་ཤར་གཏོང་འགན་ལེན་གྱི་བྱ་བ་སྣ་ཚོགས་ཡག་པོར་སྒྲུབ་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རོང་འབྲོག་ཁྱིམ་ཚང་གནས་སྤོ་དང་ཡུལ་སྐོར་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས“གནས་སྤོ་ཐུབ་པ་དང་བརྟན་པོར་སྡོད་ཐུབ་པ། ཕྱུག་འགྱུར་ཐུབ་པ”བཅས་ལ་ཁག་ཐེག་བྱེད་དགོས།  

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་རིག་སྨོན་གྲོང་རྡལ་མཚོ་སྐོར་ཤར་ལམ་མཚོ་རྣ་ལུང་གི་བཅད་ཁ་དང་། གད་སྙིགས་སྦས་ས། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཞིབ་འཇུག་ལྟེ་གནས་བཅས་སུ་བསྐྱོད་དེ། མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་ལྟ་ཞིབ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བྱ་བར་ཉན་རྗེས་ནན་གྱིས་བསྟན་དོན།“རྒྱལ་དོན་གྱི་ཆེ་ཕྱོགས”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་སྐོར་ས་ཁུལ་གྱི་སྦགས་བཙོག་འགོག་བཅོས་བྱ་བ་དམ་འཛིན་གྱིས་ཞིབ་མོར་སྒྲུབ་པ་དང་། བཙོག་ཆུ་དང་གད་སྙིགས་གཙང་སེལ། ཆུ་སྔོ་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་མཚོ་སྔོན་པོར་སྲུང་སྐྱོབ་ཡག་པོ་བྱེད་དགོས།“གནམ་ས”གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་བཀོལ་སྤྱོད་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་རྩོད་སྒྲུབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག གཟབ་ནན་དང་གོ་རིམ་ལྡན་པའི་སྒོ་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ཚན་རིག་ཁྱབ་གདལ་གྱི་རྣམ་པ་མང་པོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། ཞིབ་འཇུག་ལྟེ་གནས་དེ་ཕྱི་ཕྱོགས་བརྗེ་རེས་དང་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་བསྐྲུན་དགོས།

ཡུལ་དངོས་ཀྱི་གཞུང་སྒྲུབ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་སྐོར་གྱི་ཁུལ་དང་རྫོང་གི་འབྲེལ་ཡོད་གནས་ཚུལ་སྙན་ཞུར་ཉན་རྗེས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་བསམ་བློའི་སྟེང་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། གནད་དོན་ལ་མཉམ་དུ་ལན་འདེབས་པ་དང་འགན་འཁྲི་མཉམ་དུ་འཁུར་བ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་པོ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། མཉམ་འགུལ་གྲོས་མོལ་གྱི་རྐྱེན་སྲོལ་ལེགས་པོར་སྤྱོད་པ་བཅས་བྱས་ནས་བྱ་བའི་འགྲིལ་ཤུགས་ཆགས་པ་དང་། ནུས་ཆེའི་གནད་དོན་ཐག་གཅོད་བྱེད་པ། མཚོ་སྐོར་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དཔེ་སྟོན་ཁུལ་གྱི་གསར་འཛུགས་ཟབ་སྤེལ་མཐོར་འདེགས་གཏོང་བ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོ་རྒྱུ་བཅས་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱིས་མཚོ་སྔོན་པོ་དེ་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཀྱི་ལག་ལེན་མ་དཔེ་རུ་འགྱུར་བར་བྱེད་དགོས།

ཁྲེང་ཅི་ཝེ་རྟོག་ཞིབ་ལ་ཞུགས་པ་མ་ཟད་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།